རྒྱ་ནག་གི་ལམ་བཟོ་བ་རྒྱ་གར་ནང་འཛུལ་ནས་ལམ་ཁ་འཛུགས་སྐྲུན་བྱས་འདུག

ཉེ་ཆར་རྒྱ་ནག་གི་ལམ་བཟོ་བ་རྣམས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་ཤིག་ཏུ་འཛུལ་ཏེ། ལམ་ཁ་འཛུགས་སྐྲུན་བྱས་ཡོད་འདུག་ཀྱང་། རྒྱ་གར་གྱིས་དེར་འགོག་རྒོལ་བྱས་ནས་ལམ་བཟོའི་འཕྲུལ་ཆས་རྣམས་བཙན་འཕྲོག་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༤ ཉིན་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གི་ལམ་ཁ་འཛུགས་སྐྲུན་བྱེད་མཁན་གྱི་རུ་ཁག་ཅིག རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་འཛུལ་ཡོད་པ་ས་གནས་མི་མང་གིས་མཐོང་སྟེ། གནས་ཚུལ་དེ་བོད་དང་རྒྱ་གར་བར་གྱི་ས་མཚམས་ཉེན་རྟོག་པར་ཞུས་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོའི་ཟླ་༡༢ པའི་ཕྱི་ཚེས་༢༨ ཉིན་རྒྱ་གར་དམག་མི་དང་། བོད་དང་རྒྱ་གར་བར་གྱི་ས་མཚམས་ཉེན་རྟོག་པ་གཉིས་མཉམ་འབྲེལ་གྱིས་མྱུལ་ཞིབ་རུ་ཁག་ཅིག་བཏང་སྟེ། རྒྱ་ནག་གི་ལམ་བཟོ་བ་རྣམས་ཕྱིར་ཁོ་རང་ཚོའི་ས་ཆར་ལོག་དགོས་སྐོར་བརྗོད་ནས། ལམ་བཟོའི་འཕྲུལ་ཆས་རྣམས་ཕྲོགས་ཡོད་པ་མ་ཟད། (JCBs)ཞེས་པའི་འཛུགས་སྐྲུན་འཕྲུལ་ཆས་གཉིས་དང་། ཆུ་སྐྱེལ་འདྲེན་གྱི་འཕྲུལ་འཁོར་གཅིག་བཙན་འཕྲོག་བྱས་ནས། འཕྲུལ་འཁོར་གྱི་འཁོར་ལོའི་ཕུ་བཏོན་པ་དང་། ལྕག་ཐག་ཕུད་པ་བཅས་བྱས་ཡོད་འདུག

དེ་ཡང་རྒྱ་གར་འབྲས་ལྗོངས་མངའ་སྡེ་དང་འབྲུག་པ་གཉིས་ཀྱི་ས་མཚམས་སུ་ཁེལ་བའི་འབྲོག་ལམ་དུ། རྒྱ་དཀར་ནག་གཉིས་ཕན་ཚུན་གདོང་ཐུག་བྱུང་ནས་ཟླ་ངོ་མང་པོ་ཞིག་གི་རྗེས་སུ། རྒྱ་ནག་གི་ལམ་བཟོ་བ་རྣམས་ས་མཚམས་ལས་ཡོངས་སུ་བརྒལ་ནས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མངའ་ཁོངས། ཊུ་ཊིང་ས་ཁུལ་གྱི་བྷི་ཤིང་ཞེས་པའི་ས་གནས་སུ་འཛུལ་ཏེ། ཞེང་ཚད་ཧྥི་ཊི་༡༢ ཅན་གྱི་ལམ་ཁ་རིང་ཚད་ཀི་ལོ་མི་ཊར་༡ ཙམ་ཞིག་བརྒྱབས་ཡོད་འདུག་ཅིང་། དེ་ནི་བོད་དང་རྒྱ་གར་བར་གྱི་ས་མཚམས་ཀྱི་ཉེན་རྟོག་ས་ཚིགས་ཤིག་ནས་ཀི་ལོ་མི་ཊར་གཉིས་ཀྱི་ས་མཚམས་སུ་ཡིན་འདུག  འོན་ཀྱང་། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་རྒྱ་གར་དམག་མི་དང་། བོད་དང་རྒྱ་གར་བར་གྱི་ས་མཚམས་ཉེན་རྟོག་པ་གཉིས་ཟུང་འབྲེལ་གྱིས་དེར་འགོག་རྒོལ་བྱས་ཡོད་འདུག

ད་ལྟའི་ཆར་ས་གནས་དེར་རྒྱ་གར་དམག་མི་དང་། བོད་དང་རྒྱ་གར་ས་མཚམས་ཀྱི་ཉེན་རྟོག་རུ་ཁག་གཉིས་མཉམ་འབྲེལ་གྱིས་ལྟ་སྲུང་བྱེད་མུས་ཡིན་འདུག་ཅིང་། གཞུང་འབྲེལ་གྱི་ཐོག་ནས་དཀའ་རྙོག་དེ་ད་ཆ་སེལ་ཟིན་སྐོར་གྱི་གནས་ཚུལ་བརྗོད་ཡོད་འདུག་ཀྱང་། རྒྱ་ནག་གི་ལམ་བཟོའི་འཕྲུལ་འཁོར་དེ་དག་ཕྱིར་སློོག་བྱ་རྒྱུའི་དུས་ཚོད་གཏན་འཁེལ་བ་ཞིག་བཟོ་རྒྱུར་རྒྱ་གར་གྱིས་མོས་མཐུན་བྱས་མེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 935

Leave a Reply