རྒྱ་ནག་གིས་བོད་དུ་གསར་འགོད་པའི་སྐོར་སྐྱོད་ཕྱིར་འཐེན།

རྒྱ་ནག་དང་རྒྱ་གར་གཉིས་ཀྱི་ས་མཚམས་རྩོད་རྙོག་འགྲོ་བཞིན་པའི་སྐབས་དང་བསྟུན། རྒྱ་ནག་གིས་རྒྱ་གར་གསར་འགོད་པ་རྣམས་བོད་དུ་སྐོར་སྐྱོད་འགྲོ་རྒྱུའི་ལས་རིམ་ཕྱིར་འཐེན་བྱས་ཡོད་འདུག

ཟླ་༧ པའི་ཚེས་༣ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་གསལ། ལོ་མང་སྔོན་ནས་རྒྱ་ནག་གིས་རྒྱ་གར་དང་བལ་ཡུལ་གྱི་གསར་འགོད་པ་ཚོར་བོད་དང་རྒྱ་ནག་ཏུ་སྐོར་སྐྱོད་རྒྱུ་གོ་སྒྲིག་བྱེད་བཞིན་ཡོད་པས། ལོ་འདིའི་ཟླ་༧ པའི་ཚེས་༨ ནས་༡༥ བར་རྒྱ་གར་དང་བལ་ཡུལ་གྱི་གསར་འགོད་པ་ཚོ་བོད་དུ་སྐོར་སྐྱོད་འགྲོ་རྒྱུའི་ལས་རིམ་བསྒྲིགས་ཡོད་ཀྱང་། ཉེ་ཆར་རྒྱ་གར་དང་རྒྱ་ནག་གཉིས་སྒང་ཏོག་ཁུལ་གྱི་རྒྱ་གར་དང་འབྲུག རྒྱ་མི་བཅས་གསུམ་གྱི་ས་མཚམས་སུ་རྩོད་རྙོག་བྱུང་ནས། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དམག་མི་འཕོན་ཆེན་བཏང་བའི་གནད་དོན་འགྲོ་བཞིན་པ་དང་བསྟུན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས། རྒྱ་གར་གྱི་གསར་འགོད་པ་རྣམས་བོད་དུ་སྐོར་སྐྱོད་འགྲོ་རྒྱུའི་ལས་རིམ་ཕྱིར་འཐེན་བྱས་ཡོད་འདུག ད་ལྟའི་ཆར་བལ་ཡུལ་གྱི་གསར་འགོད་པ་རྣམས་བོད་དུ་སྐོར་སྐྱོད་འགྲོ་རྒྱུའི་ལས་རིམ་ཕྱིར་འཐེན་བྱས་ཡོད་མེད་གསལ་པོ་ཤེས་རྟོག་བྱུང་མེད་འདུག
དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ལ་བརྟེན་ནས། སྒང་ཏོག་ཕྱོགས་ཀྱི་རྣ་ཐོས་ལ་ལ་ཁ་ནས་བོད་དུ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་འགྲོ་རྒྱུའི་ལས་རིམ་དེ་ཡང་ཕྱིར་འཐེན་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 361

Leave a Reply