རྒྱ་ནག་གིས་མི་སེར་ཚང་མ་ངོ་གདོང་ནས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་མ་ལག་བཟོ་བཞིན་པ།

རྒྱ་ནག་གི་བདེ་སྲུང་ལས་ཁུངས་ཀྱིས་དོགས་ཡོད་མི་སྣ་འཛིན་བཟུང་དང་། རྒྱལ་ནང་གི་བདེ་སྲུང་ཆེད་མི་སེར་ཚང་མ་ངོ་གདོང་ནས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་མ་ལག་ཅིག་བཟོ་སྐྲུན་བྱེད་བཞིན་ཡོད་འདུག་པ་དང་། དེ་ལེགས་གྲུབ་བྱུང་ཚེ་ལྟ་སྲུང་པར་ཆས་ལས་མཐོང་བའི་མི་རྣམས་ཀྱི་གནས་ཚུལ་ཆ་ཚང་ཐོབ་རྒྱུ་ཡོད་པ་ཆགས་རྒྱུ་རེད་འདུག
ཟླ་༡༠ པའི་ཚེས་༡༣ ཉིན་ཧོང་ཀོང་གི་ཤར་རྒྱ་ནག་གི་ཞོགས་འཕྲིན་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༥ ལོ་ནས་རྒྱ་ནག་གི་བདེ་སྲུང་ལས་ཁུངས་ཀྱིས་འགོ་འཛུགས་བྱས་པ་དང་། རྗེས་སུ་ཧྲང་ཧེ་ཡི་བདེ་སྲུང་ཚོང་ལས་ཁང་ཞིག་དང་མཉམ་ལས་ཐོག་ནས། རྒྱ་ནག་གི་མི་སེར་ཐེར་འབུམ་༡.༣ ལྷག་ཡོད་པ་རྣམས་ཀྱི་ངོ་གདོང་ལ་བལྟས་ནས། ངོས་འཛིན་ལག་ཁྱེར་ནང་དུ་ཡོད་པའི་པར་དང་བརྒྱ་ཆ་༩༠ མཐུན་པར་བྱས་ནས་གནས་ཚུལ་ཆ་ཚང་རག་པའི་འཕྲུལ་ཆས་མ་ལག་ཅིག་བཟོ་སྐྲུན་བྱེད་བཞིན་ཡོད་པ་རེད་འདུག
འཕྲུལ་ཆས་མ་ལག་དེ་རྒྱལ་ནང་དུ་ཡོད་པའི་ལྟ་སྲུང་པར་ཆས་དང་སྦྲེལ་མཐུད་བྱས་ཏེ་པར་ཆས་ལས་མཐོང་བའི་གདོང་པ་དེ་རྒྱ་གཞུང་ལ་ཡོད་པའི་མི་སེར་རྣམས་ཀྱི་ངོས་འཛིན་གྱི་རིའུ་མིག་ལས་ངོས་འཛིན་ཐུབ་པ་ཆགས་རྒྱུ་ཡིན་འདུག
ད་ལྟའི་ཆར་ངོ་གདོང་ནས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་མ་ལག་ལ་ཞན་ཆ་མང་པོ་ཞིག་ཡོད་ཁར། རྒྱ་ནག་ལ་མི་འབོར་ཆེན་པོ་ཡོད་པས། ཉམས་ཞིབ་པ་ཁག་ཅིག་གིས་ལས་འཆར་དེ་ག་དུས་ལེགས་གྲུབ་བྱུང་རྒྱུ་ཡིན་པ་བཤད་ཁག་པོ་ཡིན་སྐོར་བརྗོད་འདུག འོན་ཀྱང་མ་ལག་དེ་འདྲ་བ་རྒྱལ་ནང་དང་ས་གནས་སོགས་ཀྱི་ཉེན་རྟོག་པས་དོགས་ཡོད་མི་སྣ་དང་འཇུ་བཟུང་དགོས་པའི་མི་སྣ་ངོས་འཛིན་ཐུབ་ཆེད་བེད་སྤྱོད་བྱེད་བཞིན་ཡོད་འདུག་ཀྱང་། མ་ལག་དེ་རིགས་གཞི་རྒྱ་ཆུང་ཆུང་ཡིན་འདུག རྗེས་སུ་མི་སེར་ཚང་མ་ངོ་གདོང་ནས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་མ་ལག་བཟོ་སྐྲུན་ཚར་རྗེས། ཉེན་རྟོག་ལས་ཁུངས་ཁག་གི་མ་ལག་དེ་མུ་མཐུད་ནས་ལོགས་སུ་བཀོལ་སྤྱོད་བྱེད་སྲིད་པ་ཡང་རེད་འདུག

མ་ལག་དེ་རིགས་བཟོ་སྐྲུན་གྱི་ལས་གཞི་དང་འབྲེལ་བ་ཡོད་མཁན་སློབ་དཔོན་ཞིག་གིས། མི་སེར་ཚང་མ་ངོ་གདོང་ནས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་མ་ལག་དེ་ནི་བདེ་སྲུང་དང་། གཞུང་གིས་འཇུ་བཟུང་དགོས་པའི་དོགས་ཡོད་མི་སྣ་རྗེས་དེད་གཏོང་རྒྱུ། དེ་བཞིན་འཛིན་སྐྱོང་ལ་ཡང་བེད་སྤྱོད་ཡོང་ཆེད་ཡིན་སྐོར་བརྗོད་འདུག
རྒྱ་ནག་གཞུང་གི་འཕྲུལ་ཆའི་མ་ལག་དེར་དྲ་ཐོག་སོགས་ནས་འཇབ་རྒོལ་བྱུང་ཚེ། མི་སྒེར་པའི་གནས་ཚུལ་ཚང་མ་རྐུ་ཤོར་གྱི་གནས་ཚུལ་བྱུང་ནས། གནས་ཚུལ་དེ་རིགས་བེད་སྤྱོད་ལོག་པར་གཏོང་བའི་ཉེན་ཁ་ཡང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 518

Leave a Reply