རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཆུ་བོའི་ཁ་ཕྱོགས་སྒྱུར་འཆར་མེད་སྐོར་བརྗོད་འདུག

བརྒྱུད་ལམ་ཁག་ཏུ་རྒྱ་ནག་གིས་ཡར་རླུང་གཙང་པོའི་ཆུ་ལག་ཁ་བསྒྱུར་ནས་ཤིན་ཅང་རང་སྐྱོང་ཁུལ་དུ་འདྲེན་རྒྱུ་ཡིན་པའི་གནས་ཚུལ་ཤུགས་ཆེན་པོ་ཁྱབ་ཡོད་དང་། རྒྱ་ནག་གིས་གནས་ཚུལ་དེ་བདེན་པ་མིན་སྐོར་བརྗོད་ཡོད་འདུག

ཟླ་༡༡ པའི་ཚེས་༡ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༠ པའི་ཚེས་༣༠ ཉིན་ཧོང་ཀོང་གི་བརྒྱུད་ལམ་ཆེ་ཤོས་ལྷོ་རྒྱ་ནག་གི་ཞོགས་འཕྲིན་ཞེས་པའི་སྟེང་། རྒྱ་ནག་གིས་བོད་ཀྱི་ལྷོ་རྒྱུད་དུ་རྒྱུགས་པའི་ཡར་རླུང་གཙང་པོའི་ཆུ་ལག་ཅིག་གི་ཁ་བབསྒྱུར་ནས། ཤིན་ཅང་རང་སྐྱོང་ཁུལ་གྱི་བྱེ་ཐང་དུ་འདྲེན་ཆེད་དུ། ཆུ་འདྲེན་སྦུག་ལམ་སྤྱི་ལེ་༡༠༠༠ ལྷག་ཅན་ཞིག་འཛུགས་སྐྲུན་བྱེད་འཆར་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད། ཡར་རླུང་གཙང་པོའི་ཆུ་བོ་དེ་རྒྱ་གར་ནང་ལ་སླེབས་ཀྱི་ཡོད་དང་། ཆུའི་རྒྱུག་འགྲོས་ལ་དོ་ཕོག་འགྲོ་ཉེན་ཡོད་པས། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེན་པོ་ཕྱིན་ཡོད་པ་རེད། འོན་ཀྱང་ཟླ་༡༠ པའི་ཚེས་༣༡ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། གནས་ཚུལ་དེ་དང་འབྲེལ་བའི་དྲི་བའི་ལན་འདེབས་སུ། གནས་ཚུལ་དེ་ནི་རྫུན་མ་ཡིན་པ་དང། རྒྱ་ནག་གིས་མུ་མཐུད་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཆུ་བོའི་མཉམ་ལས་ཐོག་ལ་གལ་ཆེན་བརྩི་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༦ ལོའི་ཟླ་༡༠ པའི་ཚེས་༡༤ ཉིན་དྷ་སར་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་ཉམས་ཞིབ་པ་དང་ཁོར་ཡུག་སྲུང་སྐྱོབ་པ་སྐུ་ཞབས་གྷེ་བྷེ་རིལ་ལཱ་ཧྥེ་ཊི་ཡིས་གཏམ་བཤད་ཅིག་གི་ཐོག་ཏུ། རྒྱ་ནག་གིས་ལོ་ལྔ་ཅན་གྱི་འཆར་གཞི་གསུམ་སྟེ་ཕྱི་ལོ་༢༠༡༥ ནས་༢༠༣༠ བར་ལ་བོད་ཤར་ཕྱོགས་ཁུལ་གྱི་གཙང་པོ་མང་པོ་ཞིག་གི་སྟེང་དུ་ཆུ་རགས་རྒྱག་འཆར་ཡོད་པ་དང་། གལ་ཏེ་ལས་འཆར་དེ་དག་ས་གནས་གང་དུ་ལག་ལེན་བསྟར་རྩིས་ཡོད་པ་སྔོན་ཚུད་ནས་ཤེས་ན། ས་གནས་དེ་དག་གི་ཡུལ་མི་སོགས་ལ་ཤུགས་རྐྱེན་ག་རེ་ཡོང་གི་ཡོད་མེད་དང་། ལས་འཆར་དེ་དག་ལ་འགོག་རྒོལ་བྱེད་རྒྱུར་ཕན་ཐོགས་ཡོད་པ། ཉམས་ཞིབ་བྱས་པ་བརྒྱུད། རྒྱ་ནག་གིས་བོད་ཀྱི་གཙང་པོ་མང་པོ་ཞིག་དང་དེ་དག་ཆུ་ལག་ཡོང་རྫོགས་སྟེང་དུ་ཆུ་རགས་རྒྱག་འཆར་ཡོད་པ་དང་། ལྷག་པར་དུ་བོད་ཁམས་དཀར་མཛེས་དང་མདོ་སྨད་རྔ་པ་ཁུལ་གྱི་གཙང་པོ་ཚང་མར་ཆུ་རགས་དང་།  ཁུལ་དེར་འཛམ་གླིང་སྟེང་གི་ཆུ་རགས་མཐོ་ཤོས་མི་ཊར་༣༡༨ ཅན་ཞིག་རྒྱག་འཆར་ཡོད་པ། དེ་ཡང་དེ་སྔོན་དང་མིའདྲ་བར་ཆུ་རགས་དེ་ཆུ་མཛོད་ཆེན་པོ་ཞིག་ཏུ་བཟོས་ནས། རྒྱ་ནག་གི་གྲོང་ཁྱེར་ཁག་ལ་གློག་གཏོང་བྱེད་དང་།འབྲི་ཆུ་དེ་རྨ་ཆུ་ཁུལ་ལ་ཤར་གཏོང་བྱས་ནས། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་རྣམས་ཀྱི་རྡོ་སོལ་བཟོ་གྲྭར་གཏོང་འཆར་ཡོད་པ་ཡིན་སྐོར་བརྗོད་ཡོད་པ་རེད།

སྤྱིར་རྒྱ་གར་གཙོས་པའི་བོད་ཀྱི་ཆུ་བོ་རྒྱུག་ཡུལཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་གིས། རྒྱ་ནག་གིས་བོད་ནང་གི་ཆུ་བོ་མང་པོ་ཞིག་ལ་ཆུ་རགས་རྒྱག་བཞིན་པའི་ལས་འཆར་ལ་སེམས་འཚབ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་སེམས་འཚབ་བྱེད་དགོས་པའི་རྒྱུ་མཚན་མེད་སྐོར་བརྗོད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||