རྒྱ་ནག་གིས་ཡར་རླུང་གཙང་པོའི་གྲངས་ཐོ་སྤྲོད་ཐུབ་ཀྱི་མེད་སྐོར་བརྗོད་འདུག

རྒྱ་ནག་གིས་རྒྱ་གར་གྱི་གནས་སྐོར་བ་ཚོ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་འགྲོ་ཆེད། རྣ་ཐོས་ལའི་ལ་ཁ་དེ་སྒོ་འབྱེད་འདོད་ཡོད་ཀྱང་། རྒྱ་གར་ལ་ཡར་རླུང་གཙང་པོའི་གྲངས་ཐོ་སྤྲོད་པའི་གནས་སྟངས་མེད་སྐོར་བརྗོད་ཡོད་འདུག

ཟླ་༩ པའི་ཚེས་༡༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་རྒྱ་དཀར་ནག་གཉིས་བར་འབྲོག་ལམ་གྱི་གདོང་ཐུག་དང་འབྲེལ་ནས། སྒང་ཏོག་རྣ་ཐོས་ལའི་ལ་ཁ་བརྒྱུད་ནས་གནས་སྐོར་འགྲོ་རྒྱུར་བཀག་ཡོད་པ་དང་། ཟླ་༩ པའི་ཚེས་༡༢ ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག རྒྱ་ནག་གིས་རྒྱ་གར་གྱི་གནས་སྐོར་བའི་འགྲུལ་བཞུད་སྟབས་བདེ་ཡོང་ཆེད་ལས་དོན་བྱས་པ་རྣམས་ནན་བཤད་བྱས་རྗེས། རྣ་ཐོས་ལའི་ལ་ཁ་དེ་སྒོ་འབྱེད་བྱེད་ཆེད་རྒྱ་གར་དང་མཉམ་དུ་གྲོས་མོལ་བྱེད་པའི་གྲ་སྒྲིག་ཡོད་སྐོར་བརྗོད་འདུག་ཀྱང་། བོད་ནས་རྒྱ་གར་ནང་དུ་རྒྱུགས་བཞིན་པའི་ཡར་ཀླུང་གཙང་པོའི་ཐད་ཀྱི་གྲངས་ཐོ་སྤྲོད་ཐུབ་ཀྱི་མེད་འདུག དེ་ཡང་གནད་དོན་དེའི་ཐོག་ལས་ཀ་བྱེད་མཁན་གྱི་ལས་ཁང་དེ་བཟོ་བཅོས་རྒྱག་བཞིན་ཡོད་པས་ཡིན་སྐོར་བརྗོད་ཡོད་པ་དང་། གྲངས་ཐོ་དེ་སྤྲོད་རྒྱུའི་ཐད་རྗེས་སུ་བསམ་བློ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

དེ་སྔོན་ཟླ་༦ པའི་ནང་འབྲོག་ལམ་དུ་རྒྱ་དཀར་ནག་གཉིས་བར་གདོང་ཐུག་བྱུང་སྐབས། སྒང་ཏོག་གི་རྣ་ཐོས་ལའི་ལ་ཁ་བརྒྱུད་ནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་བསྐྱོད་མཁན་རྒྱ་གར་བ་རྣམས་ལ། ལམ་ཁར་གནོད་སྐྱོན་བྱུང་སྐོར་བརྗོད་ནས་ཕྱིར་སློག་བཏང་ཡོད་ཀྱང་། རྗེས་སུ་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བ་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད།
ཟླ་བ་༨ པའི་ནང་རྒྱ་གར་གྱིས་ཕྱོགས་གཉིས་བར་གཞུང་འབྲེལ་གྱི་བསམ་ཤེས་བྱུང་བ་ལྟར། རྒྱ་ནག་ཕྱོགས་ནས་རྒྱ་གར་ལ་ཡར་རླུང་གཙང་པོའི་གྲངས་ཐོ་སྤྲད་མེད་སྐོར་བརྗོད་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་དཔྱད་བརྗོད་པ་ཁག་ཅིག་གིས་དེའི་རྒྱུ་མཚན་ནི་ཕྱོགས་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་གི་རྐྱེན་པས་ཡིན་སྐོར་བརྗོད་ཡོད་འདུག

སྤྱིར་རྒྱ་ནག་གིས་བོད་ཀྱི་གཙང་པོ་མང་པོ་ཞིག་གི་ཐོག་ཆུ་མཛོད་དང་ཆུ་ཁ་བསྒྱུར་བའི་ལས་གཞི་ལ་འཇུག་བཞིན་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ལས་གཞི་དེ་དག་གིས་རྒྱ་གར་ནང་དུ་རྒྱུགས་བཞིན་པའི་ཆུ་བོའི་རྒྱུན་ལ་ཤུགས་རྐྱེན་སྤྲོད་ཀྱི་མེད་སྐོར་ནན་བརྗོད་བྱས་ཡོད་ཀྱང་། རྒྱ་གར་ཕྱོགས་ནས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 229

Leave a Reply