རྒྱ་ནག་གིས་ལྷོ་ཀོ་རི་ཡའི་མི་སེར་༡༧༠ ཙམ་ཕྱིར་ཕུད་བཏང་ཡོད་འདུག

རྒྱ་ནག་དང་ལྷོ་ཀོ་རི་ཡའི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པའི་སྐབས། རྒྱ་ནག་གིས་ལྷོ་ཀོ་རི་ཡའི་ཡི་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་སོགས་མི་གྲངས་༡༧༠ ཙམ་རྒྱ་ནག་ནས་ཕྱིར་ཕུད་བཏང་ཟིན་ཡོད་འདུག

16790689_1412250238798841_2015972741_nདེ་ཡང་ཟླ་འདིའི་ཚེས་༡༥ ཉིན་ཧོང་ཀོང་རང་དབང་གསར་ཤོག་གི་དྲ་རྒྱའི་སྟེང་གནས་ཚུལ་བཀོད་གསལ། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་བཞིན་པ་དང་བསྟུན། ཕྱི་ལོ་༢༠༡༦ ལོར་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་མོས་མཐུན་ཐོག མེ་ཤུགསཕུར་མདའ་སོགས་ལ་འགོག་རྒོལ་བྱེད་པའི་འཕྲུལ་ཆས་ཤིག་ལྷོ་ཀོ་རི་ཡར་འཛུགས་རྒྱུ་བྱས་པ་དེར། རྒྱ་ནག་གིས་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག་པ་དང་། དེ་ཡང་འཕྲུལ་ཆས་དེས་རྒྱ་ནག་གི་མེ་ཤུགས་འཕུར་མདའི་ནུས་པ་དང་དམག་གི་བྱེད་ལས་སོགས་ལ་སོ་ལྟ་བྱེད་ཐུབ་སྲིད་པའི་དོགས་པ་ཡོད་པས་ཡིན་འདུག རྒྱུ་མཚན་དེ་ལ་བརྟེན་ནས། ཟླ་༡ པའི་ཚེས་༡༠ ནས་ཟླ་༢ པའི་ཚེས་༡༠ བར་ལ་རྒྱ་ནག་དང་བྱང་ཀོ་རི་ཡའི་ས་མཚམས་སུ་ཡོད་པའི་ཇི་ལིན་ཞིང་ཆེན་ནས། ལྷོ་ཀོ་རི་ཡའི་མི་སེར་མང་པོ་ཞིག་ཕྱིར་ཕུད་བཏང་ཡོད་ཁར། ལྷོ་ཀོ་རི་ཡའི་གཞས་པ་སོགས་རྒྱ་ནག་ལ་འཁྲབ་སྟོན་བྱེད་པར་དམ་དྲག་གསར་པ། དེ་བཞིན་ལྷོ་ཀོ་རི་ཡའི་ཐོན་ཟོག་ལ་དཔྱ་ཁྲལ་གྱི་ཁྲིམས་དམ་དུ་བཏང་བ་སོགས་བྱས་ཡོད་འདུག

སྤྱིར་བྱང་ཀོ་རི་ཡ་ནས་བྲོས་བྱོལ་ཡོང་མཁན་མང་པོ་ཞིག་ཐོག་མར་ས་མཚམས་སུ་ཡོད་པའི་རྒྱ་ནག་གི་ཞིང་ཆེན་ཇི་ལིན་ཞིང་ཆེན་དུ་ཡོང་གི་ཡོད་པ་དང་། དེ་རྗེས་རྒྱ་ནག་བརྒྱུད་ལྷོ་ཀོ་རི་ཡར་སྐྱབས་བཅོལ་དུ་འགྲོ་ཡི་ཡོད་འདུག་པས། ས་གནས་དེ་གར་ལྷོ་ཀི་རི་ཡའི་ཡེ་ཤུ་ཆོས་ལུགས་ཁྱབ་སྤེལ་མཁན་སོགས། ཡེ་ཤུ་བ་༢༠༠༠ ཙམ་གྱིས་སྐྱབས་བཅོལ་བ་དང་ས་གནས་མི་མང་ཚོར་རོགས་རམ་བྱེད་ཀྱི་ཡོད་པ་རེད་འདུག

རྒྱ་ནག་གིས་ལྷོ་ཀོ་རི་ཡའི་མི་སེར་ཕྱིར་ཕུད་དང་སྟབས་བསྟུན་ནས། བྱང་ཀོ་རི་ཡ་ནས་བྲོས་བྱོལ་ཡོང་མཁན་མི་གྲངས་༤༠ ཙམ་ཕྱིར་སྤྲོད་བྱས་ཡོད་སྐོར་ས་གནས་དེ་གར་ལས་ཀ་བྱེད་མཁན་ཞིག་གིས་བརྗོད་ཡོད་འདུག་པ་དང་། ཕྱིར་སྤྲོད་བྱས་པའི་མི་དེ་ག་ལ་ཉེས་པ་ཚབས་ཆེན་འཕོག་རྒྱུ་ཡིན་པ་ངེས་གཏན་རེད་འདུག

དེ་བཞིན་ཟླ་འདིའི་ཚེས་༡༢ ཉིན་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའི་ནུས་པ་ཚོད་ལྟ་བྱས་པར། རྒྱ་ནག་གིས་གནད་དོན་དེའི་ཉེས་པ་ནི་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་མཐུན་ཕྱོགས་དང་བྱང་ཀོ་རི་ཡའི་བར་འབྲེལ་ལམ་ཡག་པོ་མེད་རྐྱེན་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||