རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་ལམ་སྐྱོ་རུ་ཕྱིན་པའི་གོ་སྐབས་ཨུ་རུ་སུས་འཛིན་བཞིན་པ།

ཉེ་ཆར་ཨ་རིས་རྒྱ་ནག་བེད་སྤྱོད་བྱས་ནས་བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་བཀག་འགོག་བྱེད་ཐབས་འཐེན་ཡོད་རྐྱེན། རྒྱ་བྱང་གཉིས་བར་གྱི་འབྲེལ་ལམ་ལ་གས་ཆག་ཤུགས་ཆེ་རུ་བྱུང་ཡོད་པ་དང་། ཨུ་རུ་སུས་དེའི་གོ་སྐབས་འཛིན་བཞིན་ཡོད་པ་རེད་འདུག

ཟླ་འདིའི་ཕྱི་ཚེས་༨ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྡུལ་ཕྲན་མཚོན་ཆའི་གནད་དོན་གྱི་དབང་གིས་བྱང་ཀོ་རི་ཡ་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་འབྲེལ་ལམ་སྐྱོ་རུ་ཕྱིན་པའི་དུས་སྐབས་དང་བསྟུན། ཨུ་རུ་སུས་དེའི་ཁེ་ཕན་ལེན་ཐབས་བྱེད་བཞིན་ཡོད་ཚོད་འདུག་ལ། དེ་བཞིན་ཨ་རིའི་གནོན་ཤུགས་ཀྱི་འོག་ནས་བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་བར་གྱི་ལོ་ངོ་བཅུ་ཕྲག་མང་པོའི་མཛའ་འབྲེལ་ལ་གས་ཆག་ཤུགས་ཆེ་རུ་འགྲོ་བ་དང་བསྟུན། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་བྱང་ཀོ་རི་ཡར་འབྲེལ་ལམ་འཛིན་རྒྱུའི་གྲ་སྒྲིག་ཡིན་སྐོར་ཡང་འདུག

དེ་ཡང་པུ་ཊིན་དང་ནུབ་ཕྱོགས་པ་རྣམས་ཀྱི་ད་ལྟའི་འབྲེལ་ལམ་ལ་གཞིར་བཞག་ནས་ཨ་རིའི་སི་ཊུ་རེ་ཊི་ཧྥོར་ཞེས་པའི་རྒྱལ་སྤྱིའི་ཆབ་སྲིད་གསང་ལས་ཁང་གི་དཔྱད་བརྗོད་པ་ཞིག་གིས་བརྗོད་དོན། “ཨུ་རུ་སུས་ཁ་ཁུ་སིམ་པོའི་ངང་ནས་བྱང་ཀོ་རི་ཡ་དང་འབྲེལ་ལམ་དམ་དུ་གཏོང་ཐབས་ཀྱི་རྨང་གཞིའི་ལས་ལ་བརྩོན་པའི་ཐོག་ནས། ཁོ་རང་ཚོར་དགོས་ངེས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ནུས་ཤུགས་རྒྱ་བསྐྱེད་བྱེད་ཀྱི་ཡོད་པ་རེད་”ཅེས་ཟླ་འདིའི་ཕྱི་ཚེས་༥ ཉིན་བརྗོད་ཡོད་འདུག

དེ་བཞིན་“ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་དུས་ཚོད་རིང་པོར་ལྟ་གྲུབ་མཐུན་པ་དང་། དཔལ་འབྱོར་གྱི་འབྲེལ་ལམ་ཡོད་པ་བཅས་ཀྱི་ལོ་རྒྱུས་ཡོད་ལ། དེ་སྔོན་ཨུ་རུ་སུ་མཉམ་སྦྲེལ་རྒྱལ་ཁབ་ཁ་འཐོར་མ་བྱུང་གོང་ནས་བྱང་ཀོ་རི་ཡས་ཨ་སྒོར་ཐེར་འབུམ་༡༡ གི་བུ་ལོན་བླངས་ཡོད་ཀྱང་། ཕྱི་ལོ་༢༠༡༤ ལོར་བུ་ལོན་གྱི་བརྒྱ་ཆ་༩༠ མི་དགོས་པ་བཟོས་ཡོད་པ་མ་ཟད། ཉེ་ཆར་གྱི་ལས་གཞི་རྣམས་ལ་བརྟེན་ནས་ཀྱང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བཟང་དུ་འགྲོ་ཡི་ཡོད་པ་སྟོན་གྱི་འདུག”ཅེས་བརྗོད་ཡོད་འདུག

དེ་བཞིན་ཟླ་འདིའི་ཚེས་༨ ནས་འགོ་འཛུགས་ཀྱིས་བྱང་ཀོ་རི་ཡ་དང་ཨུ་རུ་སུ་གཉིས་བར་ལ་དོས་སྐྱེལ་གྲུ་གཟིངས་ཤིག་གསར་དུ་གཏོང་འགོ་བཙུགས་ནས་ཟླ་རེའི་ནང་ཐེངས་༦ བསྐྱོད་འཆར་དང་།ཐེངས་རེར་འགྲུལ་བཞུད་པ་༢༠༠ དང་ལྗིད་ཚད་ཏུན་༡༠༠༠ གི་ཅ་ལག་དབོར་འདྲེན་བྱ་རྒྱུའི་རེ་བ་རྒྱག་བཞིན་ཡོད་པ་མ་ཟད། ཕྱི་ཟླ་༤ པའི་ནང་ཨུ་རུ་སུའི་དམག་གི་གོ་ལག་བྱང་ཀོ་རི་ཡའི་ས་མཚམས་སུ་དབོར་འདྲེན་བྱས་ཡོད་ཀྱང་།  ཨུ་རུ་སུའི་ཕྱོགས་ནས་དེ་ནི་སྔོན་འགྲོའི་དམག་སྦྱོང་གི་ལས་གཞི་ཙམ་ལས་གཞན་གང་མིན་སྐོར་བརྗོད་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བརྗོད་དོན་ལྟར་ན། ཀིམ་ཇོང་ཨུན་གྱི་གཞུང་ལ་དཔྱ་ཁྲལ་གྱི་ཡོང་སྒོ་ཆེ་རུ་གཏོང་ཆེད་བྱང་ཀོ་རི་ཡའི་ལས་མི་སྟོང་ཚོ་མང་པོ་ཡོ་རོབ་དང་ཨེ་ཤི་ཡའི་མཚམས་སུ་གནས་པའི་རྒྱལ་ཁབ་ཁག་ནང་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེ་དག་ལས་མང་པོ་ཞིག་ནི་འདོད་པ་མེད་བཞིན་དུ་བཙན་ཤེད་ཀྱི་ཐོག་ནས་བཏང་ཡོད་པ་རེད་འདུག དེ་བཞིན་ཟླ་༣ པའི་ནང་ཕྱོགས་གཉིས་བར་བྱང་ཀོ་རི་ཡའི་ལས་མི་ཨུ་རུ་སུ་ལ་གནས་སྤོ་བྱེད་རྒྱུའི་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུར་མོས་མཐུན་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་༡ པོའི་ནང་ཨུ་རུ་སུའི་མེ་འཁོར་ལྕགས་ལམ་གྱི་འཛིན་སྐྱོང་མི་སྣ་ཁག་ཅིག་བྱང་ཀོ་རི་ཡར་ཕྱིན་ནས། ཨུ་བྱང་གཉིས་མཉམ་ལས་ཀྱིས་ཕྱོགས་གཉིས་བར་མེ་འཁོར་ལྕགས་ལམ་རྒྱག་རྒྱུ་དང་། བྱང་ཀོ་རི་ཡའི་སློབ་མ་རྣམས་ཨུ་རུ་སུའི་གཙུག་ལག་སློབ་གཉེར་ཁང་རྣམས་ཀྱི་ནང་ཟབ་སྦྱོང་དུ་གཏོང་རྒྱུ་བཅས་ཀྱི་ཐོག་ལ་གྲོས་འགོ་བཏོན་ཡོད་འདུག

ཨ་རིའི་སི་ཊུ་རེ་ཊི་ཧྥོར་ཞེས་པའི་རྒྱལ་སྤྱིའི་ཆབ་སྲིད་གསང་ལས་ཁང་གི་སྙན་ཐོ་ནང་འཁོད་པ་ལྟར་ན། རྒྱ་ནག་གིས་ཉེ་ཆར་བྱང་ཀོ་རི་ཡར་གལ་ཏེ་རྡུལ་མཚོན་ཚོད་ལྟ་ཐེངས་༦ པ་དེ་བྱས་ཚེ་ས་སྣུམ་གྱིས་མཚོན་པའི་བུད་རྫས་ཀྱི་རིགས་མཁོ་སྤྲོད་མཚམས་འཇོག་བྱ་རྒྱུའི་འཇིགས་སྐུལ་བྱེད་སྐབས། ཨུ་རུ་སུས་བྱང་ཀོ་རི་ཡར་གལ་ཏེ་དེ་ལྟར་བྱུང་ཚེ་དེའི་ཆ་ཤས་ཤིག་ཁོ་རང་ཚོས་མཁོ་སྤྲོད་བྱེད་རྒྱུ་ཡིན་པའི་བརྡ་བཏང་ཡོད་སྐོར་འདུག

གང་ལྟར་ཡང་། ཌོ་ནལ་ཊོམ་གྱི་རེ་སྐུལ་ཐོག་མཐུན་ཕྱོགས་སུ་གྱུར་པའི་རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་འབྲེལ་གྱི་གནད་དོན་ཏོག་ཙམ་སྐྱོ་རུ་ཕྱིན་པའི་ཁ་ཐུག་ལ། པུ་ཊིན་དང་ཀིམ་ཇོང་ཨུན་གཉིས་བར་གྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་སྐོར་འདུག་ལ། འདི་ལོར་བྱང་ཀོ་རི་ཡ་དང་འབྲེལ་ལམ་བཟང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དེ་ཨུ་རུ་སུ་དང་། རྒྱ་ནག་ཨང་གཉིས་པ་ལ་བཞག་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཐོག་འཕོ་འགྱུར་གྱི་རྟགས་མཚན་ཞིག་ཡིན་སྐོར་ཡང་འདུག

རྒྱ་ནག་གི་བྱང་ཀོ་རི་ཡར་ཤུགས་རྐྱེན་ཡོད་པ་ནང་བཞིན་ཨུ་རུ་སུས་དུས་ནམ་ཡང་ཤུགས་རྐྱེན་ཆེན་པོ་ཞིག་བཟོ་མི་ཐུབ་ཀྱང་། ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་རོགས་རམ་དུ། རྒྱ་ནག་གིས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲད་བཞིན་པ་དེར་ཁྱད་པར་བཟོ་ཐུབ་ཀྱི་ཡོད་སྐོར་ཡང་འདུག

དེ་བཞིན་ནུབ་ཕྱོགས་པའི་མཐུན་ཕྱོགས་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་ཉི་ཧོང་ལྟ་བུ་དང་། ཨུ་རུ་སུ་བར་ན་བྱང་ཀོ་རི་ཡ་བར་གནས་ཀྱི་རྒྱལ་ཁབ་གཅིག་ཏུ་མུ་མཐུད་གནས་འཇུག་རྒྱུ་ནི་ཨུ་རུ་སུའི་འདོད་པ་ཡིན་པ་དང་། ད་ལྟ་བྱང་ཀོ་རི་ཡ་གྲོགས་མེད་ཁེར་རྐྱང་ཆགས་དུས་པུ་ཊིན་གྱིས་དོ་སྣང་བྱེད་དོན་གཞན་ཞིག་ནི། ཨུ་རུ་སུའི་ཤར་ཕྱོགས་ཀྱི་ས་ཁུལ་རྣམས་བདེ་འཇགས་ཡོང་ཐབས་དང་། ཡར་རྒྱས་གཏོང་ཐབས། མ་ཟད་ཨུ་རུ་སུའི་ཁྲོམ་ར་རྒྱལ་སྤྱིི་རང་བཞིན་ཅན་དུ་རྒྱ་བསྐྱེད་གཏོང་བར་ས་བབ་ཀྱི་ཆ་ནས་བྱང་ཀོ་རི་ཡ་གལ་ཆེན་པོ་མཐོང་བ་བཅས་དམིགས་ཡུལ་དུ་བཟུང་ཡོད་སྐོར་ཨུ་རུ་སུ་དང་ཀོ་རི་ཡའི་སྐོར་གྱི་དཔྱད་བརྗོད་པ་ཨན་ཐོ་ནི་རིན་ནས་བརྗོད་ཡོད་འདུག

འདས་པའི་དུས་སུ་ཆ་མཚོན་ནས་བཤད་ན། བྱང་ཀོ་རི་ཡའི་རྡུལ་མཚོན་གྱི་ལས་གཞིའི་ཐོག་པུ་ཊིན་གྱི་འཛིན་སྐྱོང་གིས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༡༤ ལོར་བྱང་ཀོ་རི་ཡར་ཉེས་ཆད་བཏང་ཡོད་པའི་ནང་ཡང་ཨུ་རུ་སུ་འཛུལ་ཞུགས་བྱས་ཡོད་འདུག འོན་ཀྱང་། མ་འོངས་པར་ཨུ་རུ་སུ་ལམ་དེའི་ཐོག་མུ་མཐུད་ནས་འགྲོ་མིན་གྱི་གསལ་ཁ་ད་ལྟ་མེད་པ་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 617

Leave a Reply