རྒྱ་ནག་དང་ཨ་རིའི་འབྲེལ་བ་ནི་མཛའ་མཐུན་གྱི་འབྲེལ་བ་ཞིག་རེད།

ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་རེག་སེ་ཀྲི་ལེར་སོན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་སྐོར་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་སྲིད་འཛིན་ཞི་ཅིན་ཕིང་གཉིས་བར་གྱི་ཐུག་འཕྲད་དང་པོ་དེའི་སྐོར་ལ་ཡང་སྐད་ཆ་བཤད་ཡོད་འདུག

ཟླ་འདིའི་ཚེས་༡༩ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་རེག་སེ་ཀྲི་ལེར་སོན་གྱི་ཤར་ཨེ་ཤི་ཡའི་སྐོར་སྐྱོད་ཐེངས་དང་པོའི་ལས་རིམ་མཐའ་མ་དེ། ཟླ་འདིའི་ཚེས་༡༩ ཉིན་རྒྱ་ནག་ཏུ་མཇུག་བསྒྲིལ་ཡོད་པ་དང་། ཉིན་དེར་ཁོང་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་རྒྱལ་ས་པེ་ཅིང་གི་མི་མང་ཚོགས་ཁང་ཆེན་མོར་ཆུ་ཚོད་ཕྱེད་ཀའི་རིང་ཐུག་འཕྲད་བྱས་ཡོད་འདུག

སྐབས་དེར་སྲིད་འཛིན་ཞི་ཅིན་ཕིང་གིས། སྐུ་ཞབས་ཀྲི་ལེར་སོན་གྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ནི་མཛའ་མཐུན་གྱི་འབྲེལ་བ་ཞིག་རེད་ཅེས་བརྗོད་པར་དགའ་བསུ་ཡོད་པ་དང་། ཁོང་གིས་སྐུ་ཞབས་ཊོམ་དང་ཐེངས་ཁ་ཤས་སྐད་ཆ་བཤད་ཡོད་པས། ཁོང་གཉིས་ཀས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོན་ཕན་ལྡན་པའི་དུས་སྐབས་གསར་པ་ཞིག་བསྐྲུན་ཐུབ་པའི་རེ་བ་རྒྱག་གི་ཡོད་སྐོར་བརྗོད་ཡོད་འདུག

དེ་བཞིན་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཀྲི་ལེར་སོན་གྱིས། སྲིད་འཛིན་ཊོམ་གྱིས་ད་བར་ཕྱོགས་གཉིས་བར་བྱུང་བའི་འབྲེལ་ལམ་ལ་བརྩི་མཐོང་ཆེན་པོ་སྤྲོད་ཀྱི་ཡོད་པ་དང་། སྲིད་འཛིན་ཊོམ་གྱིས་སྲིད་འཛིན་ཞི་ཅིན་ཕིང་དང་མྱུར་དུ་ཐུག་འཕྲད་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག

ཐུག་འཕྲད་དེའི་སྐབས་ཕྱོགས་གཉིས་བར་གྱི་རྩོད་གཞིའི་སྐོར་ལ་སྐད་ཆ་གང་ཡང་བཤད་མེད་འདུག དེ་ཡང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ཚོད་ལྟ་ཐེངས་མང་བྱས་པས། སྲིད་འཛོན་ཊོམ་གྱིས་རྒྱ་ནག་དེ་བྱང་ཀོ་རི་ཡ་དང་ཚོང་འབྲེལ་ཆེན་པོ་ཡོད་མཁན་ཡིན་ཡང་། བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་པ་སོགས་བྱེད་ཀྱི་མེད་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་བཞིན་ཨ་རིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དབང་བསྒྱུར་བྱེད་པར་ཁ་གཏད་གཅག་རྒྱུ་ཡིན་པ་དང་། རྒྱ་མཚོའི་དེའི་ཐོག་ཏུ་ཡོད་པའི་ཨ་རིའི་ཁེ་ཕན་ཡང་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བརྗོད་པས། རྒྱ་ནག་གིས་ཨ་རི་ནི་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞིའི་ནང་འབྲེལ་ཡོད་མིན་ཁར། རྒྱ་ནག་ལ་རྒྱ་མཚོ་དེའི་ནང་རྩོད་མེད་ཀྱི་བདག་དབང་ཡོད་སྐོར་གྱི་ལན་འདེབས་བྱས་ཡོད་པ་རེད། ཁོང་གཉིས་ཀྱི་ཐུག་འཕྲད་སྐབས་རྩོད་གཞི་དེ་དག་གི་སྐོར་ལ་སྐད་ཆ་བཤད་མེད་ཀྱང་། རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇི་ཛེ་རའི་ཐོག་ཏུ་གནས་ཚུལ་སྤེལ་ལྟར་ན། ཟླ་འདིའི་ཚེས་༡༨ ཉིན་སྐུ་ཞབས་ཀྲི་ལེར་སོན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་གཉིས་ཐུག་འཕྲད་བྱས་སྐབས། གསང་བའི་ཐོག་གནད་དོན་དེ་དག་ཐད་གླེང་སློང་ཤུགས་ཆེན་བྱས་ཡོད་སྐོར་བརྗོད་འདུག

ཟླ་བཞི་པའི་ནང་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་གཉིས་ཨ་རིའི་ནང་དུ་ཐུག་འཕྲད་བྱེད་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 194

Leave a Reply