རྒྱ་ནག་དང་ཨུ་རུ་སུ་བར་ཨ་སྒོར་འཐེར་འབུམ་༡༠ ཡི་ཚོང་འབྲེལ།

རྒྱལ་སྤྱིའི་ནང་ཨ་རིའི་འགོ་ཁྲིད་ཀྱི་ནུས་ཤུགས་ཆུང་དུ་འགྲོ་བཞིན་པའི་སྐབས། སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་དང་ཨུ་རུ་སུ་གཉིས་བར་འབྲེལ་ལམ་བཟང་དུ་གཏོང་འཆར་བྱེད་བཞིན་ཡོད་འདུག

ཟླ་༧ པའི་ཚེས་༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨུ་རུ་སུར་ཉིན་གཉིས་རིང་སྐོར་སྐྱོད་བྱས་ཡོད་པ་དང་། སྐབས་དེར་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་དང་ཐུག་འཕྲད་བྱས་ཏེ། རྒྱ་ནག་གི་རྒྱུད་གཅིག་དང་ལམ་གཅིག་གི་ཚོང་འབྲེལ་ལས་འཆར་དང་ཨུ་རུ་སིའུ་ཡུ་རོབ་དང་ཨེ་ཤི་ཡའི་ཚོང་འབྲེལ་ལྷན་ཚོགས་ཆེད། ཕྱོགས་གཉིས་ཀྱིས་ཨ་སྒོར་འཐེར་འབུམ་༡༠ ལས་མང་བའི་ཚོང་འབྲེལ་དང་མ་རྩ་འཇོག་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་འདུག དེ་བཞིན་ཕྱོགས་གཉིས་བར་དཔལ་འབྱོར་དང་བདེ་འཇགས་སོགས་ཀྱི་ཐོག་མཉམ་ལས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དེ་བཞིན་ཨུ་རུ་སུ་དང་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གཉིས་ཀྱིས། བྱང་ཀོ་རི་ཡའི་གནད་དོན་སེལ་ཆེད་དུ། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའི་ལས་འཆར་མཚམས་འཇོག་བྱེད་དགོས་པ་དང་། ལྷོ་ཀོ་རི་ཡ་དང་ཨ་རི་གཉིས་མཉམ་འབྲེལ་གྱིས་དམག་སྦྱོང་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པ། དེ་བཞིན་ཕྱོགས་ཁག་བར་གྲོས་མོལ་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུག
ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ཨ་རིས་ལྷོ་ཀོ་རི་ཡའི་ནང་དུ། རྒྱང་རིང་མེ་ཤུགས་འཕུར་མདའ་འགོག་ཆེད་ཀྱི་མ་ལག་འགྲེམས་འཇོག་བྱས་པ་དེས། ཁོ་གཉིས་དང་ཁུལ་དེའི་བདེ་འཇགས་ལ་གནོད་འཚབ་བཟོ་ཡི་ཡོད་སྐོར་བརྗོད་ཡོད་འདུག
ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས། ད་ལྟའི་ཆར་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་དེ་གྲ་འགྲིག་པོ་དང་གསལ་པོ་མེད་ཁར། ཨ་རིའི་འཛམ་གླིང་གི་འགོ་ཁྲིད་ཀྱི་རྣམ་པ་དེ་ཤུགས་ཆུང་དུ་འགྲོ་བཞིན་པ་དེས། ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་ཡག་ཏུ་འགྲོ་རྒྱུར་གོ་སྐབས་བཟོས་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 217

Leave a Reply