རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཀྱིས་༧གོང་ས་མཆོག་ལ་ཞལ་འདེབས་ཕུལ་འདུག་ཟེར།

རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་གྱི་དུས་དེབ་གཅིག་ནང་དུ། དམར་ཤོག་ཚོགས་པའི་ལས་བྱེད་ཁག་ཅིག་གིས་༧གོང་ས་མཆོག་ལ་ཞལ་འདེབས་ཕུལ་ཡོད་པའི་སྐྱོན་བརྗོད་ཀྱི་རྩོམ་ཡིག་གཅིག་སྤེལ་ཡོད་འདུག

ཟླ་འདིའི་ཚེས་༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་ཞིབ་བཤེར་གྱི་དུས་དེབ་གཅིག་ནང་། བོད་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་གྱི་དྲུང་ཆེ་ཝང་ཡུན་ཅུན་གྱིས་རྩོམ་ཡིག་གཅིག་ནང་། “རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཁག་ཅིག་གིས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ལ་ཞལ་འདེབས་སྤྲད་པ་དང་། གསང་བའི་ཚོགས་པ་ཁག་ཅིག་ནང་མཉམ་ཞུགས་བྱས་ཏེ། ཕྱི་ལ་གསང་བའི་གནས་ཚུལ་སྤྲད་འདུག”ཅེས་བྲིས་ནས། དམར་ཤོག་ཚོགས་པའི་ལས་བྱེད་ཁག་ཅིག་གིས་ཆབ་སྲིད་ཀྱི་བཟང་སྤྱོད་དང་འགལ་ནས་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་ཀྱི་མེད་པས། དམར་ཤོག་ཚོགས་པའི་ཁ་བྲལ་རིང་ལུགས་ལ་འཐབ་རྒོལ་གྱི་ནུས་པ་དང་ཆིག་སྒྲིལ་ལ་གནོད་སྐྱོན་བཏང་ཡོད་སྐོར་འཁོད་ཡོད་འདུག

རྩོམ་ཡིག་དེ་དང་འབྲེལ་ནས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་སྟེང་། ཕྱི་ལོ་༢༠༡༦ ལོར་བོད་ཀྱི་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། ཚོགས་པའི་ལས་བྱེད་༡༥ ཡིས་ཕྱི་ལོ་༢༠༡༤ ལོར་ཏཱ་ལའི་རུ་ཚོགས་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་དང་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་ལ་དངུལ་གྱི་མཐུན་རྐྱེན་སྦྱར་ཡོད་པའི་སྙན་ཐོ་ཞིག་ཀྱང་བཏོན་སྐོར་གྱི་གནས་ཚུལ་སྤེལ་ཡོད་འདུག་ཀྱང་། ལས་བྱེད་༡༥ དེ་དག་གི་མིང་བཏོན་མེད་པ་རེད།

ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་བསྒྲགས་པའི་གནས་ཚུལ་དེ་བདེན་པ་ཡིན་མིན་དང་། ཆབ་སྲིད་ཀྱི་དགོས་མཁོ་གང་ལ་གཞིགས་ནས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་པ་ཡིན་མིན་དེ་ཚོད་དཔག་བྱ་རྒྱུ་མ་གཏོགས་ཤེས་ཐབས་བྲལ་བ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 489

Leave a Reply