རྒྱ་ནག་པེ་ཅིང་དུ་ཁང་མེ་ཤོར་ནས་མི་༡༩ ཤི་འདུག

ཟླ་འདིའི་ཕྱི་ཚེས་༡༩ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་པེ་ཅིང་གི་ལྷོ་ཕྱོགས་སུ་ཡོད་པའི་ཏ་ཤིང་རྫོང་གི་ཁང་སྡེ་ཞིག་ལ་མེ་ཤོར་ནས་མི་༡༩ ཡི་ཚེ་སྲོག་ཤོར་ཡོད་པ་དང་། མི་༨ ལ་རྨས་སྐྱོན་ཕོག་ཡོད་འདུག

མེ་སྐྱོན་ཤོར་གནས་དེར་གནས་སྡོད་བྱེད་མཁན་མང་ཆེ་བ་རྒྱ་ནག་གི་ཞིང་ཆེན་གཞན་ནས་ཡོང་བའི་ལས་མི་གནས་སྤོ་བ་ཟས་གོས་གནས་མལ་གྱི་མཐུན་རྐྱེན་རིན་གོང་ཁེ་པོ་དགོས་མཁན་རྣམས་ཡིན་པ་དང་། ཁང་སྡེ་དེར་མེ་ཤོར་སྐབས་མེ་གསོད་རུ་ཁག་༡༤ ཡིས་མེ་གསོད་སྣུམ་འཁོར་༣༠ བེད་སྤྱོད་ཀྱིས་ཆུ་ཚོད་༣ ལྷག་འབད་བརྩོན་བྱས་རྗེས་གཞི་ནས་མེ་བསད་ཐུབ་ཡོད་འདུག་ཅིང་། ཁང་པའི་ནང་ལྷག་པའི་མི་ཁག་ཅིག་གི་ཚེ་སྲོག་ཀྱང་སྐྱབས་ནས་ད་ལྟ་སྨན་ཁང་ནང་སྨན་བཅོས་བྱེད་མུས་ཡིན་འདུག

ད་ལྟ་གནས་ཚུལ་དེའི་དོན་རྐྱེན་ག་རེ་ཡིན་མིན་གསལ་པོ་ཆགས་མེད་ཀྱང་། རྒྱ་ནག་གཞུང་གིས་དོག་ཡོད་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག མ་གཞི་གནས་ཚུལ་འདི་ནི་རྒྱ་ནག་གཞུང་གིས་ས་གནས་དེའི་གྲོང་ཁྱེར་གྱི་རྣམ་པ་མཛེས་སྡུག་ལྡན་པ་བཟོ་རྒྱུའི་ལས་གཞི་ལག་བསྟར་བྱས་ནས། གྲོང་ཁྱེར་ནང་གི་བལྟ་ན་མི་མཛེས་པའི་ཁྲོམ་སྟེགས་རྣམས་སྒོ་རྒྱག་རྒྱུའི་བསམ་བློ་ཡོད་པའི་སྐབས་སུ་བྱུང་བ་ཞིག་ཡིན་པ་མ་ཟད། ཐོབ་ཐང་ལས་འགུལ་བ་ཚོས་བརྗོད་པ་ལྟར་ན་ལས་འཆར་དེའི་ནང་གནས་སྤོའི་ལས་མི་རྣམས་ཕྱིར་འབུད་གཏོང་རྒྱུའི་འཆར་གཞི་ཡང་ཡོད་འདུག

སྤྱིར་བཏང་རྒྱ་ནག་ནང་མེ་ཤོར་བའི་དོན་རྐྱེན་ནི་འཆར་ཅན་གྱི་རྣམ་པ་ཞིག་ཡིན་ཞིང་། དེའི་སྐོར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་ཀྱང་ཡང་ཡང་དུ་རྩིས་མེད་གཏོང་བཞིན་ཡོད་ཁར། ཁྲིམས་ལུགས་ལག་བསྟར་གྱི་རིམ་པ་རྣམས་ཀྱང་ནམ་རྒྱུན་ནས་སྣང་མེད་དུ་གཏོང་གི་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 112

Leave a Reply