རྒྱ་མི་ལ་ཡིད་ཆེས་ཇི་ལྟར་སླེབས་སྲིད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༣  ཕྱི་ལོ་ ༢༠༡༧/༡༡ /༡༥

ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དྲ་ལམ་ཁག་ཏུ་ཧ་ཅང་འུར་ཟིང་ཆེ་བའི་རྩོད་རྙོག་ཅིག་འགྲོ་བཞིན་པ་དང་། དེ་ནི་ར་ཤ་གསར་པས་ནད་རོ་རྙིང་པ་འཕར་ཞེས་པ་ལྟར་ན་ཚ་རྙིང་པ་ཞིག་ཡིན་པ་ལྟ་བུར་གྱུར་འདུག སྐབས་འདིའི་རྩོད་རྙོག་གི་གཞི་རྩ་གཙོ་བོ་སྤྱི་འཐུས་ཚོགས་གཙོ་ཟུར་པ་བྱང་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་དོན་གཅོད་ཀྱི་ལས་གནས་ནས་ཕྱིར་འཕུད་བྱས་པའི་གནད་དོན་གྱི་སྐོར་རེད། གནད་དོན་འདི་ཉིད་གཞི་རྩའི་ཆ་ནས་བཀའ་ཤག་གིས་འགྲིག་ཡོད་མེད་དང་། དོན་གཅོད་ཀྱི་ལས་དོན་བྱེད་ཕྱོགས་ནོར་ཡོད་མེད་སོགས་ཀྱི་ཐད་ལ་གླེང་སློང་གང་ཡང་བྱེད་འདོད་མེད་ཀྱང་། ད་ལན་ཆེད་དུ་གནད་དོན་འདི་དང་འབྲེལ་བའི་ཐོག་ནས་གླེང་དགོས་པ་གཙོ་བོ་གཅིག་ནི། རྩོད་གླེང་འདིར་ཚོར་བ་ཆེན་པོས་མཉམ་ཞུགས་བྱེད་མཁན་དག་གི་བྱེད་སྟངས་དང་བཤད་སྟངས། ལྷག་པར་དུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱ་རྒྱུ་ཡིན་ཚུལ་བརྗོད་མཁན་དག་གི་བསམ་བློའི་རྒྱབ་ལྗོངས་ལ་བལྟས་ན། མ་འོངས་པར་བོད་ཀྱི་རྩ་དོན་རྩོད་ཕྱོགས་གཞུང་འབྲེལ་གྱི་སྲིད་བྱུས་སམ་ལངས་ཕྱོགས་དེར་རང་བཞིན་གྱིས་ཐེ་ཚོམ་དང་དོགས་པ་ཆེན་པོ་ཞིག་མི་སླེབས་ཀ་མེད་དུ་གྱུར་འདུག

ད་ལྟ་རྩོད་རྙོག་གི་སྣེ་མོ་ན་ཧ་ཅང་ངར་ཤུགས་ཆེ་བའི་མི་སྣ་དག་ནི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་གཞུང་གི་འོག་ཏུ་སྡོད་རྒྱུའི་བསམ་བློ་ཡོད་ཅེས་དུས་རྒྱུན་བརྗོད་མཁན་དག་རེད་ལ། རྒྱ་ནག་གཞུང་དང་རྒྱ་མི་རིགས་ལ་ཕན་ཚུན་ཡིད་ཆེས་སླེབས་ཐབས་བྱེད་དགོས་པ་དང་། འདི་བྱས་ན་རྒྱ་གཞུང་ལ་ཕོག་འགྲོ་བ་དང་། འདི་བྱས་ན་རྒྱ་གཞུང་གིས་ང་ཚོ་ལ་ཡིད་ཆེས་སླེབས་ཐུབ་ཀྱི་མ་རེད་ཅེས་བརྗོད་ནས་གཞན་ལ་ཞྭ་མོ་གཡོགས་མཁན་དག་རེད། འདི་དག་གིས་ད་ལན་ངོ་རྒོལ་བྱ་སའི་བཀའ་ཤག་དང་སྲིད་སྐྱོང་ལ་མཚོན་ན་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་མཁན་ཡིན་པ་མ་ཟད། ཟམ་གདོང་རིན་པོ་ཆེ་ལས་ཀྱང་ལྷག་པར་བློ་བཟང་སེང་གེས་དབུ་མའི་ལམ་དེ་སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་བཅུག་པ་དང་། ལོ་ལྟར་སློབ་གྲྭ་ཁག་གི་སློབ་ཕྲུག་དྲག་གྲས་འདེམས་སྒྲུག་གིས་དབུ་མའི་ལམ་གྱི་ཟབ་སྦྱོང་སྤྲོད་བཞིན་ཡོད། དེ་སྔོན་དང་མི་འདྲ་བར་རང་བཙན་གྱི་སྐད་ཆ་ཞིག་སློབ་གྲྭ་ཁག་ཏུ་གྲག་ས་མེད་ལ། ཆབ་སྲིད་བཙོན་པའི་མྱོང་ཚོར་བཤད་རྒྱུའི་ལས་རིམ་དེ་ཡང་མེད་པ་བཟོས་ཟིན་པས། མ་འོངས་པར་རང་བཙན་གྱི་བསམ་བློ་དང་རེ་བ་ཡོད་པའི་མི་རབས་གསར་པ་ཞིག་ཡོང་རྒྱུའི་ལམ་ཁ་ཧ་ལམ་མེད་པ་བཟོས་ཡོད།

བོད་པ་མང་པོ་ཞིག་དང་ལྷག་པར་དུ་ད་ལན་རྩོད་རྙོག་འདིའི་མགོ་མཇུག་བར་གསུམ་དང་ཟར་དང་ཟུར་ནས་ངར་ངར་ཤོར་ཤོར་བྱེད་མཁན་དག་གིས། རྒྱ་གཞུང་དང་རྒྱ་མི་རིགས་ལ་འཁོན་འཛིན་སྤངས་ནས་ཡིད་ཆེས་སླེབས་ཐུབ་པར་ངོས་འཛིན་དང་། དེ་ལྟ་བུར་ཡོང་རྒྱུར་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་ཅེས་ནམ་ཡང་བརྗོད་བཞིན་ཡོད་པས། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་མི་དགའ་བའི་འཁོན་འཛིན་ཙམ་ཡོད་ནའང་། དེ་ལ་ཡིད་ཆེས་དང་བསམ་ཤེས་ཐུབ་པའི་གོ་སྐབས་གཏན་ནས་མེད་པ་སོགས་དབུ་མའི་ལམ་ལ་ཤར་བསྐྱོད་ཡིན་ཞེས་བརྗོད་མཁན་དག་གི་ངོས་ནས། བོད་པ་ནང་ཁུལ་དུ་ཧ་ཅང་ངར་པོ་དང་ཚམ་ཚོམ་དང་འཛེམས་ཟོན་མེད་པར་ཁ་གཏད་གཅོག་གི་ཡིན་ཞེས་དབུ་མའི་ལམ་གྱི་བཀའ་ཤག་དང་། དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ཡིན་ཟེར་མཁན་དག་གི་བསམ་བློ་ལ་ཞིབ་ཏུ་བསམ་ན་ལན་རྙེད་དཀའ་བའི་དྲི་བ་ཞིག་ཏུ་གྱུར་ཡོད། དོན་དུ་བོད་པའི་ཤོད་རྒྱུན་དུ་འུག་པའི་རྫུན་དྲུག་གི་སྒྲུང་ལྟ་བུ་ལས་འགྲེལ་བཤད་གཞན་པ་ཞིག་རྙེད་དཀའ།

ནང་ཁུལ་དུ་གཞི་རྩ་ཆེན་པོ་མེད་པའི་འཁོན་འཛིན་ཅུང་ཙམ་ལ་བསམ་ཤེས་དང་ཁོག་ཡངས་གཏན་ནས་བྱེད་མི་ཐུབ་མཁན་དག་གིས། བོད་མི་འབུམ་བཅུ་གཉིས་རྐྱེན་ལམ་དུ་བཏང་ཞིང་། དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོར་གཏོང་མཁན། བོད་ཀྱི་ཆོས་དང་རིག་གནས་རྩ་མེད་དུ་གཏོང་རྒྱུའི་ཐབས་ཤེས་བྱེད་མཁན། ད་ལྟའི་ཆར་ཡང་བོད་ནང་དུ་ཡ་ང་བའི་བཙན་གནོན་དང་དྲག་གནོན་བྱེད་བཞིན་པ་སོགས་དགྲ་བོ་རྒྱ་དམར་གཞུང་དང་བོད་མི་རིགས་ཀྱི་བར་དུ་ཡོད་པའི་ཤ་འཁོན་དེ་དག་ལ་བསམ་ཤེས་ག་འདྲ་ཞིག་བྱེད་ཐུབ་བམ། དོན་དངོས་ནས་བསམ་བློ་བཏང་ན་བོད་པ་ནང་ཁུལ་དུ་བསམ་ཤེས་དང་གུ་ཡངས་རྩ་བ་ཉིད་ནས་བྱེད་མི་ཐུབ་པའི་བོད་མི་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་མཁན་ཡིན་ཞེས། དུས་རྒྱུན་མ་ཎི་ལྟར་འདོན་བཞིན་པ་ཕལ་མོ་ཆེ་ལ་སེམས་གཏིང་ནས་དབུ་མའི་ལམ་ལ་ངེས་ཤེས་དང་ཡིད་ཆེས་ཟབ་མོ་ཞིག་སྐྱེས་ཡོད་མེད་ཐེ་ཚོམ་དུ་གྱུར་ཡོད་པ་མ་ཟད། ཕྱོགས་ཡོངས་ནས་བལྟས་ན་མི་དེ་དག་ལ་གནས་སྐབས་ཀྱི་གཏམ་དོན་ཙམ་ལས་ཕུགས་ཀྱི་བསམ་བློ་ཞིག་མེད་པ་ལྟ་བུར་གྱུར་འདུག

ཁ་ནས་འཚེ་མེད་ཞི་བ་དགོས་ཞེས་བརྗོད་མཁན་དག་ལ་མཚོན་ནའང་། བོད་པ་ནང་ཁུལ་དུ་ཐུབ་ཚོད་དང་དམར་གསོད་གཏོང་རྒྱུར་བསམ་བློ་གང་ཡང་མི་གཏོང་ཞིང་། ད་ལྟའི་ཆར་ཡང་གསོད་གཏུབ་ཀྱི་ལས་ཀ་བྱེད་རྒྱུ་ཡིན་པ་ལྟ་བུའི་གཏམ་བརྗོད་ཡོངས་གྲགས་ཀྱིས་སྤེལ་བཞིན་པ་དག་ལ་བལྟས་ན། བོད་པའི་འཚེ་མེད་ཞི་བ་ཞེས་དུས་རྒྱུན་ཤོད་བཞིན་པ་འདི་ཡང་དོན་དུ་རང་ཉིད་ཀྱིས་གླགས་མི་འཁེལ་ས་ཞིག་ལ་ལངས་ཕྱོགས་དེ་བཟུང་བ་ལས། ཞེད་སྣང་མི་དགོས་ས་ཞིག་ལ་ཐུག་ན་འཚེ་མེད་ཞི་བའང་སྐབས་དེ་དུས་བེད་སྤྱོད་དང་གོ་རྒྱུ་གང་ཡང་མེད་པ་ཞིག་ཏུ་འགྱུར་བཞིན་པའི་གནས་སྟངས་འདི་དག་ལ་བལྟས་ཡོང་དུས། དུས་རྒྱུན་དུ་མི་མང་གི་མདུན་ལ་ཐོན་བཞིན་པ་ཕལ་མོ་ཆེ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་བསམ་བློ་མེད་པ། རིག་གཞུང་དང་བཟང་སྤྱོད་ཀྱིས་དབུལ་བ་ལྟ་བུར་གྱུར་མེད་དམ་བསམ་པ་ལྟ་བུར་མཐོང་། མདོར་ན་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་དཀའ་ངལ་ཆེན་པོ་མ་འཕྲད་ནའང་། དེའི་རྗེས་སུ་བཙན་བྱོལ་བོད་མི་ལ་རེ་བ་གང་ཡང་མེད་པ་ལྟ་བུར་གྱུར་མེད་དམ།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
1 commentViews: 255

One Comment

  1. ཨ་ནི་ད་ག་རེ་བྱ་དགོས་རེད

Leave a Reply