རྒྱ་མོ་དེར་ཞིབ་འཇུག་མཐིལ་ཕྱིན་བྱ་དགོས།

དེ་རིང་ངོ་དེབ་དང་འཕྲིན་ཕྲན་སོགས་སྤྱི་ཚོགས་དྲ་ལམ་ཁག་ནས་བོད་བཙན་པོའི་གདུང་རྒྱུད་། བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ལྷ་རྒྱ་རིའི་སྲས་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱི་ཐོག་ལ་རྒྱ་འདྲེ་མོ་ཀྲུལ་ཝེས་ཆེན་གྱིས་ལག་པ་བཀྱག་ཡོད་པ་འདི་ཧ་ཅང་བློ་ཕམ་དང་ཡིད་ཆད་ཀྱི་གནས་ཚུལ་ཞིག་ཅི་ལ་མིན། འདི་ལྟ་བུའི་མཐོང་ཆུང་དང་ཁྱད་གསོད་ཀྱི་གནད་དོན་འདི་ནི་བོད་ནང་ལོགས་ཀྱི་གཞིས་ལུས་བོད་མི་ཚོའི་ཐོག་ ༡༩༤༩ ནས་ཉི་མ་དེ་རིང་གི་བར་དུ་རྒྱ་ནག་དམར་པོའི་གཞུང་གིས་བོད་དང་བོད་མིར་འཛིན་པའི་བཙན་གནོན་གྱི་སྲིད་ཇུས་ལག་བསྟར་བྱ་དང་བྱེད་བཞིན་ཡོད་པ་ཞིག་ཡིན་པ་མ་ཟད། ད་ཆ་བཙན་བྱོལ་རང་དབང་ལུང་པ་དང་། དེ་ཡང་བཞུགས་སྒར་དུ་བོད་མིའི་ཐོག་སྨྱོ་ཧམ་གྱི་འདྲེ་ལག་འདི་ལྟར་བརྐྱངས་པ་ནི་ཆེས་ཉེན་ཚབས་རང་བཞིན་ཅན་གྱི་གནས་ཚུལ་ཞིག་ལ་ངོས་འཛིན་མི་བྱེད་ཁ་མེད་དུ་གྱུར་ཡོད།
༡༽ བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་བསྟི་གནས་བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་གི་ཉེ་འཁྲིས་སུ་འང་རྒྱ་དམར་གྱི་འདི་ལྟར་འདྲེ་ལག་བརྐྱངས་བཞིན་པ་ནི་ཚད་བརྒལ་གྱི་བྱ་སྤྱོད་ཅིག་དང་། བོད་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་བསྡོམས་ཚིག་བཀོད་བཞིན་པ་འདི་ནི་དྷ་སའི་བཙན་བྱོལ་གཞུང་གིས་ངོས་ནས་ཧ་ཅང་གུ་ཡངས་ཀྱི་སྲིད་ཇུས་ལ་རྒྱ་ནག་གཞུང་མང་གཉིས་ཀྱི་ངོས་ནས་དོན་དངོས་ཐོག་ངོས་ལེན་རྩ་བ་ནས་མེད་པ་ཪ་སྤྲོད་གསལ་བོ་བྱུང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།
༢༽ གནད་དོན་འདི་དག་གི་ཐོག་རང་གཞུང་བདེ་སྲུང་ལས་ཁུངས་ཀྱི་མཚོན་དྷ་སའི་ལས་ཀྱི་སྣེ་མོ་བ་ཚོས་ངེས་པར་དུ་འགན་ཁུར་དང་ཁ་ཚ་དགོས་གཏུགས་ཀྱིས་ཐག་ཆོད་ནན་མོ་ཞིག་ཡོང་ཐབས་ལ་འབད་རྩོན་བྱ་དགོས་ཡོད། རྒྱ་འདྲེ་མོ་འདིའི་ཧམ་པ་དང་སྤོབས་པ་ད་དུང་གནས་ཚུལ་འདི་བྱུང་རྗེས་ཁོ་མོ་འགྲོ་སའི་ལམ་ཕྱོགས་བཅས་སུ་བསམ་བློ་བཏང་བ་ཡིན་ན་འདྲེ་མོ་དེ་སྣེ་ལེན་བྱེད་མཁན་བདེ་སྲུང་དང་སྐུ་སྒེར་བཅས་ཀྱི་ལས་ཀྱི་སྣེ་མོ་བ་འམ་གནད་ཡོད་མི་སྣ་རེ་མིན་པའི་རེ་བ་དང་སྨོན་ལམ་འདེབས་བཞིན་ཡོད། དེ་ལས་ཉེན་ཁ་ཆེ་བ་ནི་དེ་ལྟ་བུའི་རྒྱ་ནག་དམར་ཤོག་རྒྱལ་ཁབ་ལ་ཤ་ཞེན་དང་དུང་ཞེན་ཡོད་པའི་རྒྱ་འདྲེ་དེ་ཚོ་༧གོང་ས་མཆོག་གི་སྐུ་མདུན་དུ་མཇལ་བཅར་དུས་ནས་དུས་སུ་ཁྲིད་མེད་པའི་སྨོན་ལམ་དང་གསོལ་འདེབས་ཀྱང་བྱེད་བཞིན་ཡོད།
༣༽ རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཀྱིས་ངོ་དེབ་ཐོག་ཏུ་” བཞུགས་སྒར་དྷ་རམ་ས་ལར་ལྔ་དང་ལྔ་བཅུའི་ཚོགས་འདུ་རུ་ཨ་རི་ནས་ཕེབས་པའི་རྒྱ་རིགས་གསུམ་ཡོད་”ཟེར་ནས་བཀོད་ཡོད་པ་དང་། ཨ་རིར་གནས་སྡོད་རྒྱ་རིགས་བྲོས་བྱོལ་བ་ཀོ་ཝན་ཀོ་ཡིས་ངོ་དེབ་ཐོག་”རྒྱ་མི་གསང་ལས་པ་ཁག་གཅིག་གསང་བ་མཁོ་སྒྲུབ་ཆེད་དྷ་སར་འགྲོ་སོང་”ཟེར་ནས་ཁྱབ་སྤེལ་བྱས་ཡོད། ཁ་སང་ཨ་རི་ནས་ཡོང་བའི་རྒྱ་འདྲེ་མོ་ཞིག་གིས་བཞུགས་སྒར་ནས་གཏོར་བཤིག་དང་འདྲེ་ལག་བརྐྱངས་སྟངས་བཅས་ནི་ཐན་དང་རྨི་ལམ་ཐོ་མཚུངས་ཟེར་བའི་དཔེ་ལྟར་བྱུང་ཡོད་ཀྱང་། དོན་དངོས་རྒྱ་རིགས་འབྲེལ་མཐུད་པ་ཚོའི་གདན་ཞུའི་སྐུ་མགྲོན་དང་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཡིན་ཟེར་ནས་ནམ་ནམ་ཚེ་ཚེ་ལ་ཁྲིད་ཡོང་བའི་རྒྱ་མི་ཚོར་བཙན་བྱོལ་བོད་གཞུང་གིས་ངོས་ནས་ཆེ་མཐོང་བླ་མེད་སྤྲད་ཟིན་པ་དང་སྤྲོད་བཞིན་པ་དེ་ཚོ་འདི་ལྟ་བུ་མིན་པའི་རེ་བ་འང་བྱེད་ཀྱི་ཡོད། ལྷག་པར་ཁ་སང་གི་རྒྱ་འདྲེ་མོ་དེ་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཀྱི་གདན་ཞུའི་སྐུ་མགྲོན་གསུམ་ནང་ནས་གཅིག་མིན་པར་ཤོག
༤༽ དེང་སང་བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྱང་རང་རེ་ཤ་ཁྲག་གཅིག་པུའི་བོད་མི་ཚོ་ལས་བཟང་ངན་དང་ཡག་སྡུག་ལ་མ་ལྟོས་པའི་རྒྱ་མི་ཚོ་ལྷ་གསོས་ཀླུ་གསོས་བྱེད་སྟངས་ཀྱི་སྲིད་ཇུས་ཤིག་ཡོད་པ་དེ་འགྲིག་མིན་ཁ་ཚན་བཅད་ནས་བཤད་མི་ཕོད་ཀྱང་། རང་རེ་བོད་གངས་ཅན་པ་རྣམས་ཀྱི་ཁ་མིན་དོན་གྱི་དཔྲལ་བའི་ནང་གི་མིག་དང་ཡ་ཆུང་ཁོག་གི་སྙིང་༧གོང་ས་མཆོག་གི་སྐུ་མདུན་དུ་རྒྱ་མི་ཞིག་ཡིན་པ་ཙམ་གྱི་འདོད་པ་གང་ཐག་ཆོད་ནས་མཇལ་བཅར་དུ་གཏོང་རྐྱང་བྱེད་བཞིན་པའི་གནས་སྟངས་ཛ་དྲག་དེ་དེ་རིང་ནས་བཟུང་ཉུང་འཕྲི་བྱེད་རོགས་ཞེས་རེ་འདུན་ཤུགས་དྲག་སེམས་གཏིང་ནས་ཞུ་བཞིན་ཡོད།
༥༽ བཙན་བྱོལ་སྤྱི་ཚོགས་ནང་གི་ཆེས་མཐོའི་དབུ་ཁྲིད་ཡིན་ཟེར་མཁན་ཤེས་ཡོན་དང་འཇོན་ཐང་ཡོད་ཟེར་མཁན་ནང་ཁུལ་འབུར་འཇོམས་བྱེད་འདུག་མཁན་ཚོ་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་དང་། གསར་ཁང་ཁག་དེ་ཚོ་དེ་རིང་གང་དུ་བརླགས་སོང་བ་རེད། དགྲ་བོ་རྒྱ་ནག་གིས་བོད་ནང་གི་བོད་མིར་བཙན་གནོན་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། བཙན་བྱོལ་ནང་རྒྱ་དམར་གྱིས་འདྲེ་ལག་འདིར་ལྟར་བརྐྱངས་ནས་མཐོང་ཆུང་དང་དམའ་འབེབས། བརྙེས་བཅོས་ཚོད་མེད་འདི་འདྲ་བཏང་ཡོང་དུས་ད་དུང་སྡིག་པ་མིག་བཙུམ་བྱས་ནས་ཚོར་ཚོར་གྱི་འོན་པ་དང་རིག་རིག་གི་ལོང་བ་བྱེད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་མེད་ཀྱང་ངམ་ངམ་ཤིག་ཤིག་གིས་དྲི་རྟགས་ཤིག་བཀོད་འདོད་བྱུང་།
༦༽ ནམ་བཞག་རྒྱུན་དུ་ལྷ་འདྲེ་གནོན་བགེག་རྩོད་འདུག་མཁན་ཚོ་དང་ནང་ཁུར་དབུ་རང་གི་འཐབ་རྩོད་ལ་ཁ་ཕྱོགས་ནས་རྒོལ་རྡུང་དང་འབུར་འཇོམས་བྱེད་མཁན་ཚོ་དེ་རིང་གང་དུ་བྲོས་སོང་བ་རེད། ལྷག་པར་དུ་རྒྱ་མིའི་རྒྱལ་དར་གནམ་ལ་འཕྱར་ནས་བོད་མི་རིགས་ཀྱི་དངོས་བྱུང་ལོ་རྒྱུས་སྤྱི་དང་བྱེ་བྲག་ཉེ་རབས་ཀྱི་ལོ་རྒྱུས་ནང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ལོ་རྒྱུས་ཡན་ཆད་འཁྱོག་བཤད་དང་ལོག་འགྲེལ་བྱེད་འདུག་མཁན་གྱི་མི་ཚོའི་དགོས་འདུན་ངོ་མ་དེ་འགྲུབ་ཡོད་སྲིད། འོན་ཀྱང་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་ད་ནས་བཟུང་གནད་དོན་འདིའི་རིགས་ལ་ངེས་པར་དུ་ཡིད་གཟབ་བྱེད་དགོས་པ་རེད་ཅེས་ནན་བརྗོད་བྱེད་རྒྱུ་ཡིན།
༧༽ མཐའ་དོན་བཙན་བྱོལ་བོད་གཞུང་དང་། བདེ་སྲུང་ལས་ཁུངས་ཀྱིས་ངོས་ནས་རྒྱ་འདྲེ་མོ་དེ་རྒྱ་གར་གསང་བའི་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ། ཁོ་མོའི་རྒྱབ་ལྗོངས་དང་། རྡ་སར་འདྲེ་མོ་དེ་ཕེབས་བསུ་སྣེ་ལེན་བྱེད་མཁན་སུ་ཡིན་བཅས་ཞིབ་འཇུག་མཐིལ་ཕྱིན་བྱ་འཇུག་དགོས་པ་མ་ཟད། ད་ནས་བཟུང་རྒྱ་གར་ནང་ཁོ་མོ་ཡོང་མི་ཆོག་པའི་དགོས་འདུན་རྒྱ་གར་གཞུང་ལ་འདོན་དགོས། གཙོ་བོ་རྒྱ་མོ་དེ་མཚོན་ཆ་ཐོག་པའི་འཇིགས་སྐུལ་རང་ལུགས་པའི་བྱ་སྤྱོད་སྤེལ་མཁན་ཞིག་ཡིན་ཙང་ངེས་པར་དུ་རྒྱ་གར་གཞུང་གི་ཁྲིམས་ཐག་ནན་མོ་གཅོད་དགོས་པའི་དགོས་འདུན་འདོན་དགོས། ལྷག་པར་དུ་བོད་བཙན་པོའི་སྲས་མོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང་བོད་མི་རིགས་ལ་ཚད་བརྒལ་གྱི་མཐོང་ཆུང་གི་བྱ་སྤྱོད་སྤེལ་བར་དགོངས་སེལ་མ་ཞུས་བར་དུ་ཁུ་སིམ་སིམ་དང་འཇམ་ཐིང་ཐིང་གི་གང་དུ་ཡང་མི་གཏོང་རྒྱུའི་དགོས་འདུན་རྒྱ་གར་གཞུང་ལ་ངེས་པར་དུ་ནན་ཞུ་བྱེད་དགོས་པ་བཅས།
ཐུབ་བསྟན་བཀྲ་ཤིས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཕྱི་ལོ་༢༠༡༧ ཟླ་༡༠ ཚེས་༢ ཉིན་སྤེལ།

Print Friendly, PDF & Email
Share on Facebook19Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 291

Leave a Reply