རྒྱལ་ཁབ་༢༠ ཡི་ལྷན་ཚོགས་དང་མི་མང་གི་ངོ་རྒོལ།

འཇར་མན་དུ་འཛམ་གླིང་ནང་གི་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཚོགས་བཞིན་ཡོད་པ་དང་བསྟུན། མི་མང་ཁྲི་ཕྲག་མང་པོས་མ་རྩ་རིང་ལུགས་པར་ངོ་རྒོལ་ཁྲོམ་སྐོར་ཁྱབ་ཆེན་བྱས་ནས། ཉེན་རྟོག་པ་དང་གདོང་ཐུག་བྱུང་ཡོད་འདུག

ཟླ་༧ ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༧ ནས་༨ བར་ཡུ་རོབ་འཇར་མན་གྱི་གྲོང་ཁྱེར་ཧེམ་བྷག་ཏུ། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠ དང་དེ་བཞིན་གདན་འདྲེན་ཞུས་པའི་རྒྱལ་ཁབ་ཁག ཡུ་རོབ་མཐུན་ཚོགས། རྒྱལ་སྤྱིའི་དཔལ་འབྱོར་གྱི་ཚོགས་སྡེ་ཆེ་ཁག་བཅས་བར་ཚོགས་འདུ་འཚོགས་ཡོད་པ་དང་། ཟླ་༧ པའི་ཚེས་༦ ཉིན་འཛམ་གླིང་གི་འགོ་ཁྲིད་ཁག་གྲོང་ཁྱེར་ཧེམ་བྷག་ཏུ་འབྱོར་སྐབས། རྒྱལ་ཁབ་ཁག་གི་ལྷན་ཚོགས་དེ་མ་རྩ་རིང་ལུགས་ཆེད་ཡིན་སྐོར་བརྗོད་ནས་མི་མང་༡༢༠༠༠ ལྷག་གིས། དམྱལ་བ་ལ་ཕེབས་པར་དགའ་བསུ་ཞེས་པའི་ངོ་རྒོལ་ཁྲོམ་སྐོར་ཁྱབ་ཆེན་བྱས་ཡོད་འདུག སྐབས་དེར་གདོང་ཁེབས་གྱོན་མཁན་རུ་ཁག་ཅིག་དང་ཉེན་རྟོག་པའི་བར་གགདོང་ཐུག་བྱུང་ནས། ཉེན་རྟོག་པ་༧༦ ལ་རྨས་སྐྱོན་ཕོགས་ཡོད་ཁར། ངོ་རྒོལ་བ་མང་པོར་རྨས་སྐྱོན་ཕོགས་ཡོད་འདུག
དེ་བཞིན་ཉིན་དེའི་དགོང་མོར་མི་མང་༨༠༠༠ ལྷག་གིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ཟླ་༧ པའི་ཚེས་༨ ཉིན་མི་མང་འབུམ་གཅིག་ལས་མང་བ་ངོ་རྒོལ་ཁྲོམ་སྐོར་ནང་མཉམ་ཞུགས་བྱ་རྒྱུར་ཚོད་དཔག་བྱེད་བཞིན་འདུག
ཐེངས་འདིའི རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་བར་ཟུར་དུ་ཐེངས་དང་པོར་ཐུག་འཕྲད་བྱ་རྒྱུ་གཏན་འཁེལ་ཡོད་པ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་འཐབ་རྒོལ་ཆེད་ཀྱི་པེ་རི་སིའི་གྲོས་མཐུན། དེ་བཞིན་ཚོང་འབྲེལ། ཡུ་རོབ་ཀྱི་སྐྱབས་བཅོལ་བའི་དཀའ་ངལ། འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ། སོགས་ཀྱི་ཐོག་ལ་བགྲོ་གླེང་བྱ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 645

Leave a Reply