རྒྱལ་ཁབ་བཞིའི་ནང་ཕྲུ་གུ་ས་ཡ་༡.༤ ལ་མུ་གེའི་དཀའ་ངལ།

ཟླ་འདིའི་ཚེས་༢༡ ཉིན། རྒྱ་གར་བང་ཆེན་གསར་ཤོག་གི་དྲ་ཐོག་གནས་ཚུལ་ཐོན་གསལ། ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ནེ་ཇི་རི་ཡ།  སོ་མོ་ལི། ལྷོ་སུའུ་ཌན་དང་ཡེ་མན་བཅས་ནང་ཕྲུ་གུ་ས་ཡ་གཅིག་དང་ཚག་བཞི་ཙམ་ལ་་ཟས་བཅུད་མ་འདང་ནས་མུ་གེའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཁང་གིས་བརྗོད་དོན་བྱས་ན། ཡེ་མན་རྒྱལ་ཁབ་ནང་ཧ་ལམ་ལོ་གཉིས་རིང་དམག་འཁྲུག་གིས་དཀའ་སྡུག་སྤྲད་ཡོད་པ་དང་། ཕྲུ་གུ་༤༦༢༠༠༠ གྱིས་ཟས་བཅུད་ཀྱི་དཀའ་སྡུག་མྱོང་བཞིན་ཡོད་འདུག དེ་བཞིན་ནེ་ཇི་རི་ཡའི་ནུབ་ཤར་ཁུལ་དུ་ཕྲུ་གུ་༤༥༠༠༠༠ ལ་ཟས་བཅུད་མི་འདང་བའི་དཀའ་སྡུག་ཆེན་པོ་ཡོད་འདུག

མུ་གེ་མ་འབྱུང་སྔོན་ནས་ཉེན་བརྡ་གཏོང་མཁན་གྱི་སྒྲིག་འཛུགས་ཤིག་གིས། ནེ་ཇི་རི་ཡའི་ས་ཁུལ་ཁུག་ཀྱོག་ཁག་ཅིག་ལ་ལོ་སྔོན་མ་ནས་མུ་གེའི་དཀའ་ངལ་འཕྲད་བཞིན་ཡོད་ཁར། ས་གནས་དེ་དག་ལ་རོགས་ཚོགས་སླེབས་ཐུབ་ཀྱི་མེད་པས། དཀའ་ངལ་དེ་མུ་མཐུད་གནས་སྲིད་སྐོར་བརྗོད་ཡོད་འདུག

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཁང་གིས་སོ་མོ་ལི་ནང་ཕྲུ་གུ་༡༨༥༠༠༠ མུ་གེའི་དཀའ་ངལ་འོག་ལུས་ཡོད་པ་དང་། ཁ་གྲངས་འདི་རྗེས་མའི་ཟླ་ཤས་ནང་༢༧༠༠༠༠ ལ་འཕར་རྒྱུའི་ཚོད་དཔག་བྱས་འདུག  ལྷོ་སུའུ་ཌན་ནང་ཟས་བཅུད་མི་འདང་བའི་ཕྲུ་གུ་༢༧༠༠༠༠ ལས་མང་བ་ཡོད་པ་དང་། རྒྱལ་ཁབ་དེར་ནུབ་ཁུལ་དུ་མུ་གེ་ཐེབས་པ་ངོས་འཛིན་བྱས་ཡོད་ཁར། ཁུལ་དེར་ཕྲུ་གུ་༢༠༠༠༠ འཚོ་གནས་བྱེད་ཀྱི་ཡོད་འདུག

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་བྱས་པའི་ཐེབས་རྩ་ཁང་གི་དབུ་འཛིན་ཨན་ཐོ་ནི་ ལད་ཀི་ཡིས་དཀའ་ངལ་དེ་དག་མྱུར་དུ་སེལ་ཐབས་དགོས་པའི་འབོད་སྐུལ་བྱས་ཏེ། “ང་ཚོས་ད་དུང་ཕྲུ་གུ་དུ་མ་ཞིག་སྲོག་སྐྱོབ་ཐུབ་ཀྱི་རེད་”ཅེས་བརྗོད་འདུག དེ་བཞིན་ཟླ་རྗེས་མའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས། ནི་ཇི་རི་ཡའི་བྱང་ཕྱོགས་ཁུལ་དང་། ཁེ་མ་རོན། ཆ་ཌེ། ནེ་ཇར་བཅས་ལ་འགྲུལ་བཞུད་བྱས་ཏེ། ཁུལ་དེ་དག་ནང་དྲག་རྩུབ་ཅན་གྱི་གྱེན་ལངས་པ་བྷོ་ཀོ་ཧ་རམ་ཚོགས་པའི་བྱ་སྤྱོད་ལས། མི་མང་རྣམས་ལ་དཀའ་ངལ་ཇི་ཙམ་འཕྲད་བཞིན་ཡོད་པ་དེ་རྒྱལ་སྤྱིའི་ནང་དོ་སྣང་ཡོང་ཐབས་བྱ་རྒྱུ་ཡིན་འདུག །
གསར་འགོད་སྦྱོང་བརྡར་བ་ཀུན་དགའ་ཆོས་ལྡན།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 53

Leave a Reply