རྒྱལ་བ་རིན་པོ་ཆེའི་མཚན་སྙན་སྲུང་སྟངས་ལས་འཕྲོས་པའི་བསམ་ཚུལ་འགའ།

 ལྷ་སྡེ་གནམ་ལོ་ཡག
བཀའ་སློབ་ལའང་ཕྱི་ནང་གི་ཁྱད་པར་ཡོད་འོས།

ཁ་སང་དེ་རིང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རླུང་ལྟར་མཆེད་ཀྱིན་པ་ནི་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་སུ་དྲིས་ལན་ཕུལ་སྐབས། ཉེ་སྔོན་དྲ་ཐོག་ཏུ་སླེབས་པའི་རྒྱལ་བ་རིན་པོ་ཆེ་ནས་བཀའ་ཟུར་ཚོར་འོས་བསྡུའི་ཐད་བསྩལ་བའི་བཀའ་སློབ་ཡིན་ཟེར་བའི་ཡིག་ཆ་དེ་བཞིན་དངོས་འབྲེལ་ཡིན་པར་གསལ་ཁ་བཏོད་ཟིན་པ་དེ་རེད་ལ། དེ་ནི་ལོ་རྒྱུས་ཞིབ་འཇུག་པ་ཚོར་རྒྱལ་བ་རིན་པོ་ཆེ་ལ་ཁྱོན་ཡོངས་ནས་ཞིབ་འཇུག་བྱེད་ཀྱིན་པར་ཁ་སྣོན་དཔྱད་ཡིག་གསར་བ་ཞིག་རེག་པའང་རེད།

མ་འོངས་པར་ལོ་རྒྱུས་ནང་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེང་གི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ནང་སེམས་ཀྱི་ཞི་བདེ་ཡོང་སྟངས་ལམ་སྟོན་གནང་བཞིན་པ་དང་ནང་ཆོས་ཉམས་ལེན་ནི་སེམས་འདུལ་བྱེད་ཀྱི་ཐབས་ལམ་ཡག་ཤོས་སུ་གསུངས་ཀྱིན་པར་ཕན་འབྲས་ཡོད་མེད་ཐད་ལྟ་སྟངས་གཞན་པའམ་དོགས་སློང་བྱེད་མཁན་བྱུང་ངེས་པ་ནི་ཚོར་བའི་སྐད་ཆ་མང་བོའི་ཡིག་ཆ་དེའི་ནང་དོན་ཐད་ནས་ཐག་བཅད་ཡོད། རྒྱུ་མཚན་ནི་ལམ་སྟོན་གནང་མཁན་དག་ལ་རང་ཉིད་ཀྱི་ཐོབ་ཐང་ལས་བརྒལ་བའི་འོས་འགན་ཞིག་ཡོད་པའང་ལམ་སྟོན་གནང་བཞིན་པ་དང་ལག་ལེན་གཉིས་དོ་མཉམ་ཡིན་པ་མང་ཚོགས་ནང་འབུར་དུ་བཏོད་ནས་སྟོན་ཐུབ་དགོས་ཀྱི་ཡོད་པ་དེ་རེད་ལ། མང་ཚོགས་ཁྲོད་སྐོམ་པ་ཆུ་འདོད་ལྟར་སེམས་ཀྱི་སྡུག་བསྔལ་ཞི་ཐབས་འཚོལ་བཞིན་པར་འགན་འཁུར་སྟངས་ཤིག་ཡིན་པར་ཐུག་ཡོད།

ཕྱོགས་གཞན་གཅིག་ནས་ལྟ་སྐབས། འཛམ་གླིང་སྟེང་གི་དབུ་ཁྲིད་སུ་ཡིན་ནའང་གསུང་ཚད་ཡིག་ཐོག་ཏུ་ཕབ་ནས་ཡོངས་གྲགས་གནང་གི་ཡོད་པ་མ་རེད་ལ། གྲོས་ཚོགས་ནང་གསང་བའི་ཁྲིམས་གཞི་བཏོན་ནས་གསང་བ་ཕྱི་གྱར་མི་ཡོང་བར་ཁག་ཐེག་བྱེད་ཀྱིན་པ་རེད། དོན་དག་གལ་ཆེན་ཁག་ཅིག་སྙན་ནས་སྙན་བརྒྱུད་ཀྱི་བྱེད་ཐབས་འོག་ལག་བསྟར་གནང་གི་ཡོད། རྒྱལ་བ་རིན་པོ་ཆེ་མཆོག་གི་ནང་ཁུལ་བཀའ་སློབ་ཡང་ཁྱབ་ཁོངས་དེ་ནས་ཐག་གཅོད་བྱེད་འོས་པ་ཞིག་ཡིན་པ་ཕལ་ཆེར་མི་མཁྱེན་མཁན་མེད་པའི་བཟོ་རེད། ཡིན་ནའང་། དབུ་ཁྲིད་ཀྱི་ནང་ཁུལ་བཀའ་སློབ་སྲུང་བའི་ཁྲིམས་སྲོལ་མེད་པའི་ཁར། གང་བྱུང་ཕྱི་བསྒྲགས་བྱེད་མཁན་ཚོར་ཆད་པ་གཅོད་སྟངས་ཀྱང་མེད་ལ། སྒོས་སུ་ཁོང་གི་བཀའ་སློབ་ཚོགས་སྐྱིད་གང་རུང་གི་ལག་ཆར་བསྒྱུར་བཞིན་པ་ནི་འཛམ་གླིང་རང་བཞིན་གྱི་མི་སྣ་རླབས་ཆེན་ཞིག་ནས་ས་ཁུལ་ག་གེ་མོ་ཞིག་གི་ཞེན་ཁོག་འདོར་ཐུབ་ཀྱི་མེད་པའི་མི་སྣ་ཆུང་ཆུང་ངམ་ལུང་ཚན་སྲིད་དོན་པ་ཞིག་ཏུ་བསྒྱུར་ཡོད།

དོགས་སློང་དང་མཚན་སྨད་གཉིས་ལ་གནམ་སའི་བར་ཁྱད་ཡོད།

དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་ལུང་ཚན་སྲིད་དོན་ལ་འབྱར་མཁན་ཞིག་ཡིན་ན་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་བྱེད་མཁན་ལ་ཁ་གཏད་གཅོག་གི་ཡིན་ཟེར་མཁན་ཡིན་པས་ཁྱབ་ཀྱི་ཡོད། དོན་ལ་མཚན་སྨད་དང་དོགས་སློང་གཉིས་ལ་དབྱེ་བ་འབྱེད་ཤེས་མཁན་ཤིན་ཏུ་དཀོན། དེའང་དབྱེ་བ་འབྱེད་མི་ཤེས་མཁན་མང་ཆེ་བ་དང་འབྱེད་ཤེས་མཁན་ཚོས་དགོས་དབང་ཐད་བེད་སྤྱོད་གཏོང་རྐྱང་གནང་གི་ཡོད།

མ་གཞི་དོགས་སློང་ནི་བསྡོམས་ཚིག་བཀོད་མེད་པའི་བསྒྲུབ་བྱ་སྒྲུབ་བྱེད་ཡོད་པའི་དོགས་གཞིའམ་རྩོད་པ་ཁག་ལ་ཟེར་ཞིང་། འགྲོ་སྟངས་ཆོས་རའི་ནང་གི་རྩོད་པ་རྒྱག་སྟངས་དང་ཁྱད་པར་མེད་པ་དང་མ་འདྲ་ས་ནི་ཆོས་རའི་རྩོད་པ་ནི་ལྟ་བ་གཏན་འཁེལ་བའམ་བསྡོམས་ཚིག་བཀོད་ཟིན་པ་ཞིག་གི་སྒྲུབ་སྟངས་ཆགས་ཡོད། དེ་ལས་ལྡོག་ནས་མཚན་སྨད་ནི་བསྒྲུབ་བྱ་སྒྲུབ་བྱེད་མེད་པའི་བྱུང་རྒྱལ་གྱི་སྐད་ཆའམ་མཚན་སྨད་ཞུ་ཡུལ་སྒེར་གྱི་གནང་སྟངས་བེད་སྤྱོད་ཀྱིས་ཐེར་འདོན་བྱེད་སྟངས་ཤིག་ལ་ཟེར་ཞིང་། དེ་ལ་རིགས་ཁ་ཤས་ཤིག་ཡོད་པའི་ཁྲོད་དུ་ཡོངས་གྲགས་སུ་གྱུར་བའི་སྲང་ལམ་གྱི་སྐད་ཆ་དང་ཟོལ་བསྟོད་ཀྱིས་སྤྲས་པའི་ཐེར་འདོན་གཉིས་གཙོ་བོ་ཆགས་ཡོད།

མང་ཚོགས་ཁྲོད་དོགས་སློང་མཚན་སྨད་དུ་སྨྲ་བཞིན་པ་ནི་ནོར་འཁྲུལ་ཆེ་ཤོས་དང་རྒྱལ་བ་རིན་པོ་ཆེ་མཆོག་ནི་སྟོན་པ་ཤཀྱཱ་ཐུབ་པའི་རིང་ལུགས་བསྲེག་བཅད་བརྡར་གསུམ་ལ་འདུན་པ་མེད་པའི་དགེ་སློང་ཞིག་ཏུ་སྒྲུབ་ཀྱིན་ཡོད། ད་དུང་སྲང་ལམ་གྱི་སྐད་ཆར་བདག་པོ་རྒྱག་པ་དང་བཀུར་བའི་ཟོལ་གྱིས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཤིས་ཀའི་ཟུར་ངོས་ཡོད་ཚད་དམ་ཁོང་ནི་དགའ་ཆོག་ཆོག་དང་སྡུག་ཆོག་ཆོག་ཅིག་ཡིན་པ་ལྟ་བུ་ཞིག་ཕྱི་ལ་བསྒྲགས་ཅི་ཐུབ་བྱེད་ཀྱིན་པ་འདི་ནི་ལོ་རྒྱུས་ནང་ལྷག་ངེས་པའི་མཚན་སྨད་ངོ་མ་དེ་ཡིན་པ་ཧ་གོ་ཡི་མེད་དམ་མ་ཤེས་ཁུལ་གནང་བཞིན་པ་གང་ཡིན་འཚོལ་མཁན་ཡང་ད་དུང་བྱུང་མེད།

མཚན་སྙན་སྲུང་ཐབས་ནི་བསམ་བློ་གཏོང་སྟངས་གསར་བ་ཞིག་ཡིན།
དོན་ངོ་མར་རྒྱལ་བ་རིན་པོ་ཆེའི་མཚན་སྙན་གྲགས་སྲུང་སྐྱོབ་བྱེད་འདུན་ཡོད་མཁན་ཚོར་མཚོན་ན། གཤམ་གྱི་དོན་ཚན་གཉིས་ཀྱི་སྒང་ལ་བསམ་བློ་གཏོང་འོས་པ་ཞིག་ཆགས་ཡོད།
༡ བདག་གཞན་ཚང་མ་སླར་ཡང་དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་ཟེར་བའི་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་དེའི་བསྟན་དོན་ལ་འཇུག་དགོས།འཛམ་གླིང་སྟེང་གི་གནད་དོན་ཆེ་མ་ཆུང་གསུམ་གང་ཡིན་ཡང་གྲོས་མོལ་བརྒྱུད་ནས་ཐག་གཅོད་བྱེད་ཐུབ་པ་བྱུང་ཚེ་ཡུན་རིང་རང་བཞིན་ལྡན་པར་ཐུག་ཡོད་པ་ཞིག་ཀྱང་ཡིན། འོ་ན། རྒྱལ་བ་རིན་པོ་ཆེ་མཆོག་དང་ལྟ་ཚུལ་མི་མཐུན་མཁན་ཕན་ཚུན་བར་ཉིན་ཁ་ཤས་རིང་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་མ་ཆོག་པ་འདུག་གམ། ཚོགས་ཐོག་དེར་ཕན་ཚུན་བར་བགྲོ་གླེང་ལྷུག་པོ་གནང་ཆོག་པར་མ་ཟད། བསམ་ཚུལ་མི་མཐུན་པའི་ཁྲོད་ཀྱི་འཐུས་ཚབ་རང་བཞིན་ཅན་ཁག་ལ་སྔོན་དཔག་དཔྱད་བསྡུར (scenario building) གནང་ཆོག

དེ་ལྟར་དགོས་ཕན་ཡོད་པའི་ལྟ་བ་མ་མཐུན་པ་ཁག་མཉམ་གནས་དང་དགོས་མེད་ཁག་རང་བཞིན་གྱིས་མེད་པ་ཆགས་ངེས་ཡིན། ཉུང་མཐར་ཕན་ཚུན་བར་གྱི་དོགས་པ་རྣམ་རྟོག་སེལ་ནས་ནུས་ཤུགས་མཉམ་སྤུངས་བྱེད་པར་བསྐུལ་འདེད་གཏོང་ཐུབ་ཀྱི་ཡོད་པར་མ་ཟད། མ་འོངས་པར་ལམ་ཁ་གསར་བ་ཞིག་ཆགས་ཡོད་ལ། འདི་ནི་དགོས་ངེས་ཅན་གྱི་ཐབས་ལམ་མམ་སྐུ་དངོས་ནས་རྒྱུས་ལོན་གནང་ཐབས་ཤིག་ཀྱང་ཡིན། བོད་པ་ཙམ་མ་ཡིན་པར་འཛམ་གླིང་ལའང་མིག་དཔེ་གསར་བ་ཞིག་ཏུ་འགྱུར་སྲིད་པའི་མདུན་ལྗོངས་ཡངས་པོ་ཡོད།

༢ དེང་སྐབས་ལོ་རེ་རེར་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་འཛམ་གླིང་གི་གྲུ་ཁ་ཡོངས་སུ་སྲུང་བཞིན་པ་ནི་འགྱུར་འགྲོས་གསར་བ་ཞིག་རེད་ལ། གོ་སྐབས་ཀྱང་ཡག་པོ་ཞིག་རེད། ཡིན་ནའང་། བོད་པ་རྐྱང་བའི་མིང་ཐོག་ནས་སྲུང་བརྩི་གནང་བཞིན་པ་འདི་ནི་ཤིན་ཏུ་ནས་ཁྱབ་རྒྱ་ཆུང་དྲགས་པ་ཞིག་རེད་ལ། འཛམ་གླིང་སྟེང་ཤུགས་རྐྱེན་ཆེན་པོ་བསྐྲུན་པར་ཚད་བཀག་ཐེབས་ཡོད།

དེང་ཕྱིན་ངྷ་རམ་སཱ་ལ་གཅིག་པུ་མ་གཏོགས་རྒྱ་གར་ནང་གི་གཞིས་ཆགས་ཁག་གི་འཁྲུངས་སྐར་སྲུང་བརྩི་མངའ་སྡེ་རེ་རེ་ཡི་མིང་ཐོག་གམ་མིང་གཡར་ནས་སྲུང་བརྩི་དང་ཕྱི་རྒྱལ་ཁག་ཏུའང་རྒྱལ་ཁབ་རེ་རེ་ཡི་མིང་ཐོག་གམ་མིང་གཡར་ནས་སྲུང་བརྩི་བྱེད་ཐུབ་པ་ཡིན་ན་རྒྱལ་སྤྱི་རང་བཞིན་གྱི་འཁྲུངས་སྐར་སྲུང་བརྩི་ཞིག་ཆགས་ཡོད་པར་མ་ཟད། རྒྱ་དམར་གཞུང་གིས་སྐུའི་ཡང་སྲིད་ཐད་བྱུས་ངན་བཤམས་ཀྱིན་པ་ལའང་སྔོན་འགོག་གི་ཐབས་ལམ་ཞིག་ཆགས་ཡོད།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 65

Leave a Reply