རྒྱལ་རོང་བུ་མོའི་སྐད་ཆར་ཁྱོན་ཡོངས་ནས་ལྟ་བ།

རྫ་ཚེ་རིང་བཀྲ་ཤིས།

2017/7/21)

གཅིག མདང་ནུབ་ཤར་རྒྱལ་རོང་པའི་བུ་མོ་ཞིག་གིས་(གླུ་གཞས་འགྲན་སྡུར་གྱི་སྡིངས་ཆ་ཞིག་ཏུ་མོ་རང་མགྲན་སྡུར་དུ་ཞུགས་པའི་རྒྱུ་མཚན་བཤད་སྐབས)  ང་རང་ཉིད་རྒྱལ་རོང་གི་བོད་རིགས་ཤིག་དང་། ཡི་གེ་མེད་པའི་གྲངས་ཉུང་མི་རིགས་ཤིག་ཡིན་པའི་ངོས་ནས་གླུ་དབྱངས་ཀྱི་ཕུགས་བསམ་འདི་དེ་བས་ཀྱང་དགོས་མཁོ་ཆེན་པོར་མཐོང་གི་ཡོད། ཅེས་བརྗོད་པའི་སྐད་ཆ་དུམ་བུ་འདི་ཉིན་ཞག་གཉིས་ཀྱི་རིང་བོད་ཕྱི་ནང་གི་དྲ་ལམ་ཡོངས་རྫོགས་ཀྱི་བརྗོད་བྱ་གཙོ་བོར་གྱུར།
གཉིས། ངས་ཀྱང་ཉན་ཤུལ་མཁྱེན་རབ་འོད་གསལ་ཀྱིས་བྲིས་པའི་རྒྱལ་རོང་པ་བོད་ཡིན་པ་སོགས་ཀྱི་རྩོམ་ཡིག་བཀླགས་མྱོང་། རྒྱལ་རོང་པ་ཡིན་པའི་གྲོགས་པོའང་མང་པོ་ཡོད། ལོ་འགའི་སྔོན་རྒྱལ་རོང་ཨ་ལན་ཟླ་བ་སྒྲོལ་མས་རང་ཉིད་བོད་ཡིན་ཡང་བོད་སྐད་བྱང་ཆ་ལྡན་པ་ཞིག་བཤད་ཐུབ་ཀྱི་མེད་ཅེས་གནོང་མགྱོད་ཀྱི་མིག་ཆུ་བཏང་བ་ཡང་བརྙན་ལམ་ནས་མཐོང་བྱུང་། མ་ཟད་མཁན་པོ་བསོད་དར་རྒྱས་ཀྱིས་གསུངས་པའི་རྒྱལ་རོང་བས་བོད་སྐད་ལ་དོ་སྣང་དགོས་པའི་སྐོར་གྱི་བཀའ་སློབ་ཅིག་ལ་དམིགས་བསལ་དོ་སྣང་བྱས་པ་ཡིན། བཀའ་སློབ་དེར་མཁན་པོ་ཁོང་ཉིད་རྒྱལ་རོང་དུ་ཕེབས་པའི་སྐོར་དང་། དེར་ཡོད་པའི་བོད་རིགས་དག་དང་ཕན་ཚུན་སྐད་ཆ་བཤད་སྐབས་རྒྱ་སྐད་བཀོལ་བ་མ་གཏོགས་གཞན་གོ་བརྡ་འཕྲོད་ཐབས་གཏན་ནས་མེད་པ། ད་དུང་བོད་ཀྱི་བསམ་བློ་དང་མི་འཚམས་པའི་རིག་གཞུང་གི་གོམས་གཤིས་སོགས་ལས་བརྩམས་ཏེ་གནད་དུ་ཐེངས་པ་མང་པོ་ཞིག་གསུང་འདུག

གང་ལྟར་རྒྱལ་རོང་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་བསམ་བློ་ཡོད་པའི་བོད་རིགས་འཁྲུལ་མེད་ཅིག་ཡིན་ན་ཡང་། རྒྱལ་རོང་གི་ཡུལ་སྐད་དང་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་དག་གི་བར་གྱི་ཧེ་བག་དང་། ས་བབས་ཀྱི་ཆ་ནས་རྒྱ་རིགས་འདུས་སྡོད་ས་ཁུལ་དང་ཁ་ཐག་ཉེ་བ། རང་བྱུང་གནས་བབས་ཀྱི་ཆ་ནས་བོད་ཀྱི་ས་ཁུལ་གཞན་དག་ལ་འབྲེལ་བ་ཉུང་བ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་གི་ས་གནས་སྲིད་ཇུས་དོན་འཁྱོལ་མ་བྱུང་བ་སོགས་ནི་ད་ལྟའི་སྐྱོ་གནས་འདིའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཡིན།

གསུམ། མདང་ནུབ་རྒྱལ་རོང་བུ་མོའི་སྐད་ཆ་འདི་ཐོས་པ་དང་ང་ལ་ཡང་སེམས་ཁྲལ་བྱུང་། བོད་པའི་དྲ་གྲོགས་དག་གིས་བཟོད་བསྒོམ་བྱ་མི་ཐུབ་སའི་ཚིག་གཅིག་རང་དེ་ནི་༼ང་ནི་ཡི་གེ་མེད་པའི་གྲངས་ཉུང་མི་རིགས་ཤིག་ཡིན་༽ཞེས་པའི་སྐད་ཆ་འདི་ཡིན། ཐད་ཀར་ལྟས་ན་སྐད་ཆ་འདི་ནི་ཧ་ཅང་ཐབས་སྐྱོ་བོ་ཞིག་དང་། རིག་གནས་མེད་པའི་མིའི་སྐད་ཆ་ཞིག་རེད། ཐ་ན་ཁོང་ཁྲོ་སློང་བྱེད་ཅིག་ཀྱང་ཆགས་པ་རེད། གཏན་ཚིགས་ཀྱི་ངོས་ནས་བཤད་ན་ཁྱོད་རང་ཉིད་མི་རིགས་བོད་ཡིན་པ་དང་། བོད་ལ་བོད་ཡིག་ཡོད་པ་དེས་ཁྱོད་རང་ཉིད་ཡི་གེ་མེད་པའི་མི་རིགས་ཤིག་མ་ཡིན་པ་ཆགས་པ་རེད།

འོན་ཀྱང་། དོན་དངོས་ཀྱི་ཐོག་ནས་བསམ་ན་བོད་རིགས་འཁྲུལ་མེད་ཡིན་ཞིང་། བོད་ཆས་སྤུས་དག་གྱོན་པའི་རྒྱལ་རོང་གི་བུ་མོ་འདིས་བོད་ཀྱི་སྐད་ཡིག་རང་གི་སྐད་ཡིག་ཡིན་པར་སེམས་ཐོག་ནས་ཚོར་མ་ཐུབ་པ་དེར་རྒྱུ་རྐྱེན་མང་པོ་ཞིག་ཡོད་ངེས་ཤིང་། རྒྱུ་རྐྱེན་དེ་དག་གིས་ད་ལྟའི་སྐད་ཆ་འདི་བསྐྲུན་པ་རེད། འདི་ནི་ང་ཚོ་ཐུན་མོང་གིས་བསམ་བཞིག་དགོས་སའི་གནད་འགག་གཙོ་བོ་དེ་རེད།
མོས་སྤྱིར་བཏང་བོད་ལ་ཡི་གེ་ཡོད་པ་ཙམ་མི་ཤེས་པ་ཧ་ལམ་མི་སྲིད་ན་ཡང་། མོས་དེ་ཉིད་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བའི་ཡི་གེ་ཞིག་ཡིན་པའི་ངོས་འཛིན་དེ་སེམས་གཏིང་ནས་མ་བསླེབས་པ་རེད། དེ་ནི་མོ་རང་ཉིད་ཀྱིས་བོད་ཡིག་མ་སྦྱང་བའི་ཞན་ཆ་ཡིན་དང་ཡིན། དེ་ལས་གཞན་པ་ཞིག་ནི། ང་ཚོས་སྤུན་ཟླ་དེ་དག་གི་དངོས་ཡོད་ཀྱི་གནས་སྟངས་ལ་དགོས་ངེས་ཀྱི་དོ་ཁུལ་དང་རོགས་པ་མ་བྱས་པའི་ལན་པའང་ཡིན། ད་བར་ང་ཚོས་རྒྱལ་རོང་བས་བོད་ཡིག་མི་ཤེས་པ་དེ་ཁོང་ཚོའི་དོན་དག་ཅིག་ཏུ་བརྩིས་བསྡད་པ་རེད། དེ་ནི་ང་ཚོའི་ནོར་འཁྲུལ་རེད། ནང་མི་ཞིག་ལ་ཆག་སྒོ་གང་རུང་ཞིག་བྱུང་ན་དེ་ནི་ཁྱིམ་ཚང་ཧྲིལ་པོའི་དོན་དག་ཡིན་པ་ལས། ནང་མི་ཁོ་རང་གི་དོན་དག་རེད་ཅེས་སྣང་མེད་དུ་འཇོག་མི་རུང་།

བཞི། ཡང་དེ་རིང་དེ་དང་འབྲེལ་ནས་རྒྱལ་རོང་བའི་བུ་མོ་གཉིས་པ་ཞིག་གིས་བོད་སྐད་ཀྱི་ལམ་ནས་མདང་ནུབ་ཀྱི་དོན་རྐྱེན་དེ་དང་འབྲེལ་བའི་སྐད་ཆ་ཞིག་བཤད་འདུག་པའི་སྒྲ་སྒམ་ལ་ཉན་པ་ཡིན། མོས་སྐད་ཆས་ང་ལ་བསམ་བློ་མང་པོ་ཞིག་གཏོང་དུ་བཅུག་བྱུང་། བུ་མོ་དེས་བཤད་ན། རྒྱལ་རོང་གི་གཞུང་འབྲེལ་སློབ་གྲྭ་ཁག་ཏུ་བོད་ཡིག་མེད་པ་དང་། གོ་ཐོས་ལྟར་ནས་ཀྲུ་ཡོང་ཁང་ཟི་ཁྲོན་གྱི་འགོོ་བ་ཡིན་སྐབས་ནས་མེད་པ་བཟོས་པ་རེད་ཅེས་བཤད་སོང་།
ཡང་མོས་མུ་མཐུད་དུ།  དབུས་གཙང་བ་སྤྱིར་བཏང་གི་ཁ་ཐག་རིང་པོ་ཡིན་ན་ཡང་། གཡས་གཡོན་གྱི་ཁམས་དང་ཨ་མདོ་གཞན་དག་གིས་རྒྱལ་རོང་བ་ཚོར་ནམ་རྒྱུན་རྒྱ་རྒན་དང་རྒྱ་དགའ་སོགས་ཀྱི་ཐ་སྙད་བེད་སྤྱད་དེ་མཐོང་ཆུང་དང་ཟུར་འབུད་བྱེད་པ་དང་། གཡས་གཡོན་གྱི་བོད་པའི་ས་ཁུལ་དག་ཏུ་རྒྱལ་རོང་བའི་ལས་བཟོ་བ་སོགས་འགྲོ་བ་དེ་དག་ལ་ཡང་རྒྱ་རྒན་ཁོ་ནས་འབོད་ཀྱི་ཡོད་པ་དང་། དེས་ཁོང་ཚོས་སེམས་ལ་རྨ་ཁ་ཆེན་པོ་བཟོ་བཞིན་ཡོད་པར་མ་ཟད། དེའི་རྒྱུ་རྐྱེན་གྱིས་གྲོང་གསེབ་སོགས་ཀྱི་(རྒྱ་རིགས་དང་གཉེན་འབྲེལ་ཡོད་པ་སོགས་ཀྱི་མི་གཅིག་དང་གཉིས་ཙམ་མིན་པར་)ཁྱིམ་ཚང་ཧྲིལ་པོའི་ཐོབ་དཔང་རྒྱ་རིགས་སུ་བསྒྱུར་བཞིན་ཡོད་པའི་གནས་ཚུལ་མང་པོ་ཡོད་པའི་སྐོར་ཞིབ་ཏུ་བཤད་བྱུང་། དེ་དང་མཉམ་དུ་མོས་སྤུན་ཟླ་ཚང་མས་རྒྱལ་རོང་བར་ལེ་བརྡ་བྱེད་རྒྱུའི་ཚབ་ཏུ་སེམས་ཁུལ་མང་ཙམ་དགོས་པའི་འབོད་སྐུལ་ཡང་གནང་བྱུང་། དེ་ཚོའི་ཕྱོགས་ལ་ང་ཚོའི་ད་ཕན་བསམ་བློ་འདང་ངེས་བཏང་མི་འདུག

ལྔ། ང་ཆུང་དུས་ཕ་ཡུལ་གྱི་འབྲོག་ཕྱོགས་སུ་ཡང་དབྱར་དུས་ལ་རྒྱལ་རོང་ཕྱོགས་ཀྱི་ཤིང་བཟོ་དང་རྡོ་བཟོ་སོགས་ལས་བཟོ་བ་མང་པོ་ཡོང་གི་ཡོད་ཅིང་། ཁོང་ཚོས་དགོན་པ་དག་གི་ནང་དུ་ལས་ཀ་བྱེད་དུ་ཡོང་གིན་ཡོད། ཁོང་ཚོ་མང་པོ་ཞིག་རྒྱལ་རོང་གི་བོད་རིགས་ཡིན་ན་ཡང་། ང་ཚོས་རྒྱལ་རོང་གི་རྒྱ་དང་ཆུ་ཆེན་གྱི་རྒྱ་ཞེས་ལབ་ཀྱི་ཡོད་པ་དང་། ཐ་སྙད་འདི་ཡར་དེད་ན་ཐ་ན་དགེ་འདུན་ཆོས་འཕེལ་གྱིས་ཀྱང་རྒྱ་དར་རྩེ་མདོ་ཞེས་བྲིས་ཐལ་ཤོར་བའི་གནས་སྟངས་དེ་བྱུང་བ་རེད། ཐ་སྙད་འདི་དག་གི་རྒྱབ་ལོགས་སུ་ང་ཚོ་བོད་པ་ཚོས་མཐའ་མཚམས་ཀྱི་རང་རིགས་སྤུན་ཟླ་ཚོར་ཆབ་སྲིད་དང་བསམ་བློའི་བརྩེ་དུང་གཉིས་ཆར་གྱིས་བདག་པོ་མ་ཕོགས་པའི་གནའ་ནས་ད་ལྟའི་བར་གྱི་མིག་རྒྱང་ཐུང་བའི་བསམ་སྟངས་དང་ལས་སྟངས་དེ་ཚོ་ཡོད་པ་རེད།

མང་པོ་ཞིག་གིས་རྒྱལ་རོང་བར་རྒྱ་རྒན་ཞེས་བརྗོད་པ་དེ་(ཚང་མས་དེ་ལྟར་བརྗོད་པར་མ་ངེས་)རྒྱུན་ལྡན་ཞིག་ཏུ་བརྩི་ན་ཡང་། སྤུན་ཟླ་དེ་ཚོའི་སེམས་ནང་ལ་རྒྱ་ཞེས་པའི་ཐ་སྙད་འདི་ཧ་ཅང་སེམས་ལ་གཟན་པའི་དབྱེ་འབྱེད་ཀྱི་ཐ་སྙད་ཅིག་ཏུ་ཚོར་གྱི་ཡོད་པ་རེད་འདུག མི་རིགས་རིག་པའི་ལྟ་གྲུབ་ཀྱི་ངོས་ནས་བཤད་ན། ང་ཚོས་རྒྱལ་རོང་བ་ལ་རྒྱ་ཞེས་བརྗོད་པ་དེ་རྒྱལ་རོང་བུ་མོས་ང་ལ་ཡི་གེ་མེད་ཅེས་བརྗོད་པ་ལས་ཀྱང་ཚབ་ཆེ་བ་ཞིག་ཆགས་འདུག ཐ་ན་དེ་རང་རྒྱལ་རོང་བུ་མོར་བསྡིགས་དམོད་བྱེད་མཁན་གྱི་འཕྲིན་སྟེགས་ཤིག་གིས་ཀྱང་རྒྱལ་རོང་ལ་རྒྱ་རོང་ཞེས་བྲིས་ཡོད། ད་དུང་དག་ཆ་མེད་པའི་བོད་ཡིག་བྲིས་ནས་བོད་ཡིག་ལ་དམའ་འབེབས་བྱས་སོང་ཞེས་ཁོང་མོར་དགག་པ་རྒྱག་མཁན་ནི་རྩིས་ལ་ཡང་མི་ཐེབས།

དྲུག མ་གཞི་མོའི་སྐད་ཆ་དེས་བོད་པའི་སྤྱི་ཚོགས་ལ་གཡོ་འགུལ་བཏང་བ་དང་། ང་ཚོས་ཁོང་མོར་གཤེ་གཤེ་བཏང་སོགས་ཧ་ལས་པ་ཞིག་མ་རེད། འོན་ཀྱང་། ད་ཐེངས་ཀྱི་མོའི་སྐད་ཆ་དེའི་རྐྱེན་གྱིས་ང་ཚོར་ཚོར་བ་ཤུགས་ཆེན་པོ་ཞིག་བསླེབས་ཤིང་། ཚོར་བ་དེ་བརྒྱུད་ནས་མང་པོ་ཞིག་ལ་བསམ་བློ་གཉིས་པ་ཞིག་གཏོང་རྒྱུའི་གོ་སྐབས་ཤིག་སྤྲད་པ་རེད། དེ་ནི་ལྟས་དབང་གིས་བྱུང་བའི་དགེ་མཚན་ཞིག་ཏུ་ངོས་བཟུང་ནའང་ཆོག ང་ཚོར་མ་བསམས་ས་ནས་ཉེན་བརྡ་གལ་ཆེན་ཞིག་ཚོར་རྒྱུའི་གོ་སྐབས་སྤྲད་པ་རེད།

བདུན། ང་ཚོས་ད་ནས་བཟུང་སྟེ། རྒྱལ་རོང་བ་དེ་ཚོར་ལྡོག་ཕྱོགས་ནས་ཟུར་འབུད་དང་སྣང་མེད་བྱ་རྒྱུ་མིན། དྲང་ཕྱོགས་ནས་ཐབས་ཤེས་ག་འདྲ་ཞིག་བཀོལ་ནས་ཁོང་ཚོར་རང་གི་མི་རིགས་ཀྱི་བླ་སྲོག་ངོས་ཟིན་པ་བྱ་དགོས། བླ་མ་དགོན་པ་སོགས་སྤྱི་ཚོགས་དེར་ཤུགས་རྐྱེན་ཡོད་པའི་ཆོས་ལུགས་པའི་ནུས་པ་ཡོད་ཚད་བེད་སྤྱད་ནས་བོད་ཡིག་སྦྱོང་མཁན་མང་དུ་གཏོང་དགོས་ལ། སྒེར་སོ་སོའི་ངོས་ནས་བོད་ཡིག་སྦྱོང་བར་བསྐུལ་འདེད་ཀྱི་སྣེ་ཁྲིད་གནང་དགོས།
ཡང་ཕྱོགས་གཞན་ཞིག་ནས་ས་གནས་འདི་དག་གི་བོད་རིགས་འགོ་ཁྲིད་དང་ཤེས་པ་སོགས་ཀྱིས་རྔ་བ་རང་སྐྱོང་ཁུལ་དང་དཀར་མཛེས་རང་སྐྱོང་ཁུལ་སོགས་ཁུལ་དང་རྫོང་རིམ་པའི་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་དང་སྲོལ་ཡིག་ཁག་གཞིར་བཟུང་གིས། ཁྲིམས་མཐུན་གྱི་ཐབས་ཤེས་དང་ལམ་ཀ་ཡོད་ཚད་སྤྱད་དེ་བོད་ཡིག་གི་སློབ་ཚན་འཇུག་པར་སྐུལ་འདེད་དང་ཐབས་ལམ་འཚོལ་དགོས། ང་ཚོས་རྒྱལ་རོང་བའི་སྐད་ཡིག་དང་རིག་གཞུང་གི་དེ་རིང་གི་གནས་བབ་ངོས་ཟིན་པ་ནི་རང་གི་ནང་མི་ཞིག་ལ་ནད་ཛ་དྲག་ཅིག་ཕོག་ཡོད་པར་ངོས་ཟིན་པ་དང་གཅིག་པ་རེད། གོང་དུ་བཤད་པ་ལྟར། རྒྱལ་རོང་གི་བུ་མོ་དེས་ང་ཚོ་ཚང་མ་གཉིད་ལས་དཀྲོག་པ་དང་གཅིག་པ་ཆགས་པ་རེད། དེས་ན་ད་ནས་བཟུང་ང་ཚོ་ཚང་མས་མཉམ་དུ་ཤུགས་རྒྱག་དགོས།

བརྒྱད། ཡང་རང་ཉིད་བོད་པ་ཞིག་ཡིན་བཞིན་དུ། ང་ལ་ཡི་གེ་མེད་ཅེས་ལབ་པ་དེར་ཚང་མ་ཁོང་ཁྲོ་ཟ་བ་ནི་བསམ་ཤེས་ཐུབ་པ་ཞིག་རེད། འོན་ཀྱང་རང་ཉིད་ལ་ཡི་གེ་ཡོད་བཞན་དུ་དེ་ལ་སློབ་སྦྱོང་མི་བྱེད་པ་དང་། བེད་སྤྱོད་མི་གཏོང་བ་ཡང་ངས་བསམ་ན་ནག་ཉེས་ཧ་ཅང་ཆེན་པོ་ཞིག་རེད།
དཔེར་ན། མི་ཞིག་གིས་རང་གི་ཨ་མའི་ངོ་ལ་འཛུབ་མོ་བཙུགས་ནས་འདི་ངའི་ཨ་མ་མ་རེད། ང་ལ་ཨ་མ་གཏན་ནས་མེད་ཅེས་ལབ་པ་དང་། ཡང་མི་གཞན་ཞིག་གིས་འདི་ངའི་ཨ་མ་རེད་ཅེས་སྐད་ཅོར་རྒྱག་བཞིན། མིག་གིས་མཐོང་ས་རང་ནས་ཨ་མ་ལ་བདག་པོ་མི་རྒྱག་པར་མུ་གེས་ཤི་གཅུག་པ་གཉིས་ལ་ནག་ཉེས་ཆེ་ཆུང་རྩི་དགོས་ན་ཧ་ཅང་ཁག་པོ་མ་རེད་དམ། འོ་དེ་དང་གཅིག་པ་རེད།

དགུ དེས་ན། ད་ནས་བཟུང་སྟེ། ང་ཚོས་དྲང་ཕྱོགས་ཀྱི་གོ་བ་ཡག་པོ་ཞིག་བླངས། བོད་ཡིག་བོད་སྐད་ཤེས་མཁན་ཚོས་ཀྱང་ང་རྒྱལ་ཆེན་པོས་གཞན་ལ་ཁྱད་གསོད་ལྷུར་ལེན་པའི་སྐད་ཆ་བཤད་ནས་འདུག་པ་མ་ཡིན་པར། ཉམ་ཆུང་ཚུལ་མཐུན་གྱིས་རང་ངོས་ནས་སྐད་ཡིག་བེད་སྤྱོད་བྱེད་པ་དང་འབྲེལ། གཞན་ལ་ཡང་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་བྱེད་པར་ནང་སེམས་ཀྱི་མཛའ་བརྩེ་བསྟན་ནས་གཞོགས་འདེགས་བྱེད་དགོས།

ངའི་བསམ་ན་དཔལ་བླ་རུང་སྒར་དང་ཀིརྟི་དགོན་ལྟ་བུ་རྒྱལ་རོང་དང་ཁད་ཉེ་ཞིག་འདབས་འབྲེལ་བའི་བན་བོན་གྱི་བཤད་སྒྲུབ་ཀྱི་ལྟེ་གནས་ཁག་དང་། རྒྱལ་རོང་རང་གི་དགོན་པ་ཁག་ལ་འདིའི་ཐད་ལ་ནུས་པ་གང་ལེགས་འདོན་རྒྱུའི་གོ་སྐབས་དང་འོས་བབ་ཡོད་པ་རེད་སྙམ།

ང་ཚོས་རྒྱལ་རོང་གི་རྒན་པ་དེ་ཚོར་གོ་བ་ཡག་པོ་ཞིག་བཀོན་ཐུབ་པ་ཡིན་ན། ཁོང་ཚོ་དང་འབྲེལ་བའི་ནང་མི་དག་ལ་ཡང་རང་བཞིན་གྱིས་ནུས་པ་ཐོན་པ་ཞིག་ཡོང་གི་རེད། དེ་ནི་ཐབས་ལམ་གལ་ཆེན་ཞིག་རེད།

བཅུ། འོན་ཀྱང་། རྒྱལ་རོང་རང་ལ་ཡང་སྐྱོན་གཏན་ནས་མེད་པ་མིན་ལ། བུ་མོ་དེའི་སྐད་ཆ་ལ་ནོར་འཁྲུལ་མེད་པ་དེ་བས་ཀྱང་མིན། མཁན་པོ་བསོད་དར་རྒྱས་ཀྱིས་གསུངས་པ་ལྟ། སྤྱིར་བཏང་བོད་པ་ཞིག་ཡིན་པའི་ཤ་ཞེན་ལ་རྒྱ་དང་ནང་པ་ཞིག་ཡིན་པའི་བསམ་བློའི་འདུ་ཤེས་ཁོང་ཚོར་ཡང་ཡོད་ན་ཡང་། དོན་དངོས་ཐོག་གཞོན་སྐྱེས་དག་ལ་རྒྱ་འགྱུར་གྱི་རྣམ་པ་ཧ་ཅང་ཤུགས་ཆེ་བ། རང་གི་རིག་གཞུང་ལ་དུང་ཞེན་དང་སྦྱང་བ་ཆུང་བ། ས་ཆ་གཞན་དུ་རྒྱལ་རོང་བ་མང་པོས་རྐུན་ཇག་དང་ཅ་ལག་རྫུན་བཟོ་ཉོ་ཚོང་སོགས་རླབས་ཆེན་གྱི་མི་རིགས་ཤིག་གི་རྗེས་རབས་པའི་ཆེ་མཐོང་དང་མི་འཚམ་པའི་གནས་ཚུལ་ཡང་མང་པོ་བྱེད་ཀྱི་ཡོད། འདི་ནི་གཞན་གྱིས་བཤད་པ་མིན་པར་རང་ཉིད་རྒྱལ་རོང་ཡུལ་གྱི་བཙོན་ཁང་དུ་དངོས་སུ་སྡོད་མྱོང་མཁན་ཞིག་གི་ངོས་ནས་འདིའི་ཕྱོགས་ལ་ཤེས་རྟོགས་མི་ཉུང་བ་ཞིག་ཡོད།

འོན་ཀྱང་། ཁོང་ཚོར་ཡང་བོད་པ་སྤྱི་མཚུངས་ཀྱི་སེམས་གཏིང་གི་རང་ཉིད་བོད་རིགས་ཤིག་ཡིན་སྙམ་པའི་འདུ་ཤེས་དང་བསམ་བློ་ཤུགས་ཆེན་པོ་ཞིག་ཡོད་པ་དེ་ཡང་སུས་ཀྱང་སྙོན་དུ་མེད་པ་ཡིན་པས། འདི་ནི་ང་ཚོས་མ་འོངས་པར་རྒྱལ་རོང་རྒྱ་འགྱུར་གྱི་གནས་སྟངས་ལེགས་བཅོས་བྱེད་པའི་སྟོབས་ཤུགས་དང་རེ་བ་ཡོངས་རྫོགས་ཀྱི་ལྟེ་བའང་ཡིན་ནོ།། རྒྱལ་རོང་རྒྱལ་ལོ།།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 201

Leave a Reply