རྒྱལ་རོང་བུ་མོས་གཉིད་ལས་དཀྲོགས་སོང་།།

དར་ལྕེ་ཟད་པོ།
དེང་སྐབས་དྲ་ལམ་དུ་འུར་བཞིན་པ་ནི། རྒྱལ་རོང་བུ་མོ་དེས་ང་ཚོ་བོད་རིགས་རྒྱལ་རོང་བ་ལ་སྐད་ཡིག་ཡོད་མ་རེད་ཅེས་པའི་ཚིག་གཅིག་གར་སྟེགས་ཐོག་ནས་བསྒྲགས་པ་དེ་རེད།

འགའ་རེས་བུ་མོ་དེ་ཧ་ཅང་ཞེད་སྣང་ཚ་བོ་གདོན་འདྲེ་ལྟ་བུ་རེད་ཅེས་སྐྱོན་བརྗོད་དང་། ལ་ལས་བ་གླང་ལྟ་བུ་རྨོངས་པ་རེད་ཟེར་བ་སོགས་འུར་བཞིན་པ་རེད།  དེང་སྐབས་རྟོགས་སད་པར་འབོད་པ་འགའ་རེས་བོད་ལ་རིག་གཞུང་ཡོད་མ་རེད་ཆ་ཚང་རྒྱ་གར་བའི་གད་སྙིགས་རེད་ཟེར་བ་ལྟ་བུ་མིན་པ། མོ་རང་གིས་བོད་ལ་རིག་གཞུང་དང་སྐད་ཡིག་ཕྱུག་པོ་ཡོད་པ་མ་ཤེས་པ་ཙམ་ལས་ཁྱད་སོད་ཀྱིས་བོད་ལ་སྐད་ཡིག་ཡོད་མ་རེད་ཅེས་བཤད་པ་མིན།  མོ་རང་སེམས་ལ་གང་བསམ་པ་བཤད་པ་ནི་མཐོང་རྒྱ་ཆུང་བས་ནོར་བ་ཙམ་ལས་དབྱེན་དཀྲུག་དང་སྐྱག་རྫུན་སོགས་གང་ཡང་མིན་པས་མི་གཞི་ལ་སྐྱོན་བརྗོད་སྤངས་ཏེ་ནོར་འཁྲུལ་ངོས་བཟུང་དུ་འཇུག་དགོས་པ་ནི་གལ་ཆེན་པོ་རེད།  ནོར་བ་དེ་ཡང་མོ་རང་གཅིག་པུའི་སྐྱོན་ཆ་ཙམ་མིན་པ་ལུང་པ་སྤྱི་ཡོངས་དང་། ཕ་མ་གཉིས། ཡུལ་དེའི་བླ་ཆེན་སོགས་ལའང་འབྲེལ་བ་དམ་ཟབ་ཡོད། ད་དུང་ཡར་དེད་ན་ལོ་རྒྱུས་ཐོག་མི་རབས་སྔ་མས་བྱས་ཉེས་ཤོར་བའི་མཇུག་འབྲས་ལ་བརྟེན་ནས་མོ་རང་དེ་འདྲ་ཞིག་ཏུ་གྱུར་པ་རེད།

ད་དུང་བསམ་དགོས་པ་ཞིག་ལ་བུ་མོ་དེས་ང་བོད་པ་མིན་ཞེས་བཤད་མེད་ལ། བོད་པ་ཡིན་པ་ངོས་འཛིན་ཡོད་ལ་བོད་ལ་རིག་གཞུང་ཡོད་པ་མ་ཤེས་པའི་བོད་མོ་ཞིག་ཡིན་སྟབས། བོད་མི་རིགས་ལ་སྐད་ཡིག་མེད་པ་ཕངས་སེམས་ཀྱིས་སྐད་ངག་གར་སྟེགས་ལ་ཤོར་བ་ཡང་ཡིན་སྲིད་པ་ཞིག་རེད་བསམས།
བདག་ལ་མཚོན་ན་བོད་སྐད་མི་ཤེས་མཁན་བོད་པ་ཡོད་པ་བཙན་བྱོལ་ལ་ཐོག་མར་འབྱོར་དུས་ནས་ཤེས། བོད་ལ་སྐད་ཡིག་ཡོད་པ་ཙམ་ཡང་མ་ཤེས་པའི་བོད་པ་ཡོད་པ་དེ་རིང་གཞི་ནས་གསར་དུ་ཤེས་སོང་བས། བུ་མོ་དེའི་སྐད་ཆས་ད་ལྟའི་གནས་སྐབས་སུ་བོད་ཀྱི་རིག་གཞུང་གནས་སྟངས་གང་ལ་ལྷུང་ཡོད་པའི་རང་མདོག་གསལ་པོ་བསྟན་སོང་བསམས།  སྐད་ཡིག་དུས་ཇི་སྲིད་བར་དུ་འཆི་གི་མ་རེད་བསམས་པའི་ལྟ་ཚུལ་ཡོད་མཁན་དང་། བོད་ཡིག་གནས་སྟངས་གང་དུ་བསླེབ་ཡོད་པ་མ་ཤེས་མཁན་དག་ལ་དེ་རིང་བུ་མོ་དེ་འདྲ་ཞིག་གར་སྟེགས་ལ་མངོན་སུམ་དུ་ཐོན་པས་གཉིད་ལས་དཀྲོགས་ཏེ་སྐད་ཡིག་གནས་སྟངས་ལ་ལྟ་བའི་མིག་དབང་གསར་པ་ཞིག་སྟེར་སོང་ཟེར་བ་ཡིན།

འཛམ་གླིང་སྐད་ཡིག་སྐྱེ་འཆིའི་ཉམས་ཞིབ་པས་བཤད་ན་མི་རིགས་དེའི་གཞོན་ནུ་ཚོ་གཞན་སྐད་བཤད་པ་ལ་སྨྲ་ལྕེ་བདེ་ཞིང་། རང་སྐད་ངོ་མི་ཤེས་པར་གྱུར་ན་སྐད་ཡིག་དེ་ཉིད་འཆི་བ་ངེས་པ་དང་། དེ་ལས་གསོན་ཐབས་གང་གིས་ཟློག་ཐབས་མེད་པ་ངོས་བཟུང་ཞིང་།  དེ་སྔ་འཛམ་གླིང་ན་སྐད་ཡིག་ཅི་ཙམ་ཤི་ཡོད་ན་ནད་རིམས་འདི་གཞོན་ནུ་ཚོ་ལ་ཕོག་ནས་འཆི་འཕོས་པ་རེད་ཅེས་བཤད་པ་ལྟར། བོད་པ་སྐད་ཡིག་ཀྱང་འཆི་རྟགས་རིམ་པ་གསུམ་པ་ལ་བསླེབ་བཞིན་ཡོད་པའི་སློབ་གསོ་བརྒྱ་ཐམ་པ་དངོས་སུ་བརྒྱབ་པ་ལས་འཆི་རྟགས་ཁུར་བའི་བོད་མོ་གཞོན་ནུ་ཞིག་གར་སྟེགས་ཐོག་ནས་མིག་མདུན་དུ་དངོས་སུ་ཐོན་སོང་བས་བརྡ་ལན་འདི་ལས་གསལ་བ་ཞིག་སུས་ཀྱང་འཕྲོད་ཐབས་མེད།
ད་ལྟ་མོ་རང་ལ་སྐྱོན་བརྗོད་ཀྱིས་འུར་བཞིན་པ་དག་བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་མོ་ཡོད་པ་སྨྲོས་མ་དགོས་པས་ཁྱེད་རྣམ་པ་སྐད་ཡིག་སྲུང་སྐྱོབ་ཚོགས་པ་ལ་ཞུགས་ནས་བུ་མོ་དེའི་ཕ་ཡུལ་དུ་ཕེབས་ནས་སྐད་ཡིག་སློབ་པ་སོགས་ལས་འགུལ་སྤེལ་དགོས་པ་ནི་དུས་ལ་བབ་པའི་ཆར་པ་དང་། ནད་ཐོག་སྨན་རེད་ཅེས་ཟེར་བ་དེ་ཡིན། བསམ་ཚུལ་ཙམ་བཤད་པ་ཡིན། །

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 196

Leave a Reply