རྒྱལ་སྤྱིའི་གནད་དོན་ནང་གི་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༢༨  ཕྱི་ལོ་ ༢༠༡༧/༡  /༤

ད་ལྟའི་དུས་འདིར་རྒྱལ་སྤྱིའི་ནང་འཇིགས་སྐུལ་དྲག་སྤྱོད་པའི་བྱ་སྤྱོད་དང་། དེ་ལ་ཁ་གཏད་གཅོག་པའི་ཤུགས་རྐྱེན་གྱིས་འཛམ་གླིང་འདིར་ཡོ་འཁྱོམ་ཆེན་པོ་འགྲོ་བཞིན་པའི་སྐབས་ཤིག་ཡིན་པ་དང་། འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་ཀྱང་མི་རིགས་རིང་ལུགས་དང་རྒྱལ་ཞེན་རིང་ལུགས་མངོན་གསལ་དོད་པོས་མཁྲེགས་འཛིན་བྱེད་མཁན་སླེབས་ཡོང་གི་ཡོད་སྟབས། རྒྱལ་སྤྱིའི་འགལ་འབྲེལ་ཐད་རྣོ་ངར་ཅན་དང་ཚོར་བ་ལྡན་པའི་ཐོག་ནས་ཕན་ཚུན་ཁ་དམག་རྒྱག་བཞིན་པའི་སྐབས་འདིར། བོད་པའི་གནད་དོན་འདི་ཡང་ཁ་ཕྱོགས་ག་འདྲ་ཞིག་ཏུ་བསྐྱོད་དགོས་མིན་དང་། ཇི་ལྟར་འགྲོ་ཐུབ་མིན། གོ་སྐབས་ག་རེ་ཡོད་མེད་བཅས་ཀྱི་ཐོག་ལ་བསམ་བློ་དང་འཆར་གཞི་ངེས་ཅན་ཞིག་ཡོད་དགོས་པ་དེ་ཡང་བཟློག་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད། ད་ལྟའི་ཆར་ཨ་རི་དང་། རྒྱ་ནག་གི་འབྲེལ་བའི་ནང་གླེང་སློང་གཙོ་བོ་ནི་ཐའེ་ཝན་གྱི་གནད་དོན་དང་། ཧོང་ཀོང་གི་གནད་དོན་ཡིན་པ་ལས། བོད་དང་། ཤར་ཏུར་ཀི་སི་ཐན་གྱི་གནད་དོན་སོགས་ཀྱི་ཐད་ལ་ད་ལྟའི་ཆར་གྲག་འགུལ་གང་ཡང་མེད་པར་གྱུར་འདུག

ལོ་གསར་པ་འདིའི་ནང་བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུར་རྦད་དེ་འགྱུར་ཟློག་གསར་པ་ཞིག་འགྲོ་རྒྱུའི་རེ་བ་གང་ཡང་མེད་ཀྱང་། རྒྱལ་སྤྱིའི་གནད་དོན་སྤྱི་དང་། ལྷག་པར་དུ་རྒྱལ་སྤྱིའི་གནད་དོན་ནང་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐོག་བོད་དོན་ཡང་ངེས་པར་དུ་སླེབས་ཐུབ་དགོས། རྒྱལ་སྤྱིའི་གནད་དོན་བེད་སྤྱད་ནས་བོད་དོན་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་རྒྱུར་ཐད་ཀར་ཕན་གནོད་ག་རེ་ཡོད་མེད་ཁ་ཚོན་བཅད་ནས་བཤད་དཀའ་ཡང་། རྒྱལ་སྤྱིའི་གནད་དོན་གྱི་བརྒྱུད་ལམ་ནང་ནས་བོད་དོན་ཉམས་ཞན་དུ་སོང་རིམ་བཞིན། བོད་དོན་འཐབ་རྩོད་སྤྱི་ཡོངས་ནས་ཉམས་དམས་སུ་འགྲོ་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད། དེ་ཡང་གཙོ་བོ་བོད་མི་རིགས་ཀྱི་བསམ་བློའི་ནང་འཐབ་རྩོད་ཀྱི་ཟུངས་ཤུགས་ཉམས་ཞན་དུ་འགྲོ་རྒྱུར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་རེད། དེར་བརྟེན་བོད་མི་རིགས་ཀྱི་བསམ་བློའི་ནང་དུ་འཐབ་རྩོད་ཀྱི་ངར་ཤུགས་མུ་མཐུད་ཚ་ཚ་འུར་འུར་དུ་གནས་ཆེད་བོད་དོན་རྒྱལ་སྤྱིའི་གནད་དོན་དུ་སྒྱུར་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

རྩ་བས་ཕྱིའི་རྒྱབ་སྐྱོར་ལས་ནང་གི་བསམ་བློའི་གྲ་སྒྲིག་གཙོ་ཆེ་བ་ཡིན་ནའང་། བོད་དོན་རྒྱལ་སྤྱིའི་གནད་དོན་དུ་གྱུར་པ་དེ་སྲིད་དུ་བོད་མི་རིགས་ཀྱི་ངོས་ནས་ཀྱང་སེམས་ཤུགས་དང་བསམ་བློའི་གྲ་སྒྲིག་ཇེ་བརྟན་དུ་འགྲོ་རྒྱུར་ཕན་ཐོགས་རྒྱ་ཆེན་པོ་ཡོད་པ་བཞིན། བོད་པའི་སེམས་ཤུགས་དང་འབྲེལ་བའི་བསམ་བློའི་གྲ་སྒྲིག་དང་འཆར་གཞི་དེ་ཡང་རྒྱལ་སྤྱིའི་ནང་བོད་དོན་ཇི་ལྟར་གནས་ཐུབ་མིན་དང་འབྲེལ་བ་ཆེན་པོ་ཡོད་པས། གནད་དོན་འདི་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན། དེར་བརྟེན་ད་ལྟའི་ཆར་བོད་དོན་རྒྱལ་སྤྱིའི་ཐོག་གནས་ཐུབ་པའི་ཆེད་དུ་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འབད་བརྩོན་ལྷོད་མེད་བྱེད་དགོས་པ་གལ་གནད་ཆེན་པོར་གྱུར་ཡོད། ལྷག་པར་དུ་དེང་སྐབས་རྒྱལ་སྤྱིའི་འབྲེལ་ལམ་ཐོག་ནས་སྔོན་དང་མི་འདྲ་བའི་འགྱུར་མཚམས་གསར་པ་ཞིག་ཏུ་སླེབས་ཡོད་སྟབས། བོད་པའི་ངོས་ནས་ཀྱང་དེ་མཚུངས་བཞིན་གོ་སྐབས་འདི་དང་བསྟུན་ཕྱོགས་ཡོངས་ནས་གྲ་སྒྲིག་དང་འཆར་གཞི་འཐུས་ཚང་ཞིག་ཡོད་དགོས་པ་ཧ་ཅང་གལ་ཆེ་སྙམ།

ད་ལྟ་ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནོལ་ཊོམ་གྱིས་ཐའེ་ཝན་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་སྲིད་འཛིན་ལྕམ་ཚེ་དབྱིན་ཝིན་ལ་ཁ་པར་བརྒྱུད་ནས་འབྲེལ་བ་གནང་སྟངས་དང་། དེའི་ཤུགས་རྐྱེན་ལ་བརྟེན་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སྡུག་ཏུ་སོང་བའི་རྣམ་འགྱུར་མངོན་གསལ་དུ་གྱུར་ཡོད། གཙོ་ཆེ་ཤོས་རྒྱལ་ཁབ་འདི་དག་གི་འགལ་འབྲེལ་གཙོ་བོ་དཔལ་འབྱོར་ལ་རག་ལས་པ་ལྟ་བུ་ཡིན་མོད། མ་འོངས་པར་ཨ་རིའི་གཞུང་གིས་ཐའེ་ཝན་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གསར་པ་ཞིག་འགྲོ་མི་སྲིད་པ་མ་རེད། ཨ་རིའི་སྲིད་འཛིན་ཌོ་ནོལ་ཊོམ་གྱི་ལས་ཡུན་ནང་། ཨ་རི་དང་། རྒྱ་ནག་གི་འབྲེལ་བའི་རྩོད་རྙོག་ནང་ཐའེ་ཝན་དང་། ཧོང་ཀོང་གི་གནད་དོན་དེ་གལ་གནད་ཆེ་ཤོས་སུ་འགྱུར་སྲིད་པ་མ་ཟད། ལྷོ་རྒྱ་མཚོའི་གནད་དོན་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡང་གླེང་སློང་ཡོང་ངེས་པ་ལས། ད་ལྟའི་ཆར་དམིགས་བསལ་བོད་དོན་དེ་ཉིད་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་ནང་གོ་བབས་ཨང་དང་པོའི་གྲས་སུ་སླེབས་ཐུབ་རྒྱུའི་མངོན་རྟགས་གསལ་པོ་གང་ཡང་མཐོང་རྒྱུ་མེད་པ་ལྟ་བུར་གྱུར་ཡོད།

མདོར་ན་བོད་དོན་འཐབ་རྩོད་ཀྱི་གནད་དོན་དེ་ཉིད་རྒྱལ་སྤྱིའི་གནད་དོན་སྤྱི་དང་། ལྷག་པར་དུ་ཨ་རི་དང་རྒྱ་ནག་གི་འབྲེལ་བ། རྒྱ་གར་དང་རྒྱ་ནག་གི་འབྲེལ་བ། ཡུ་རོབ་དང་རྒྱ་ནག་གི་འབྲེལ་བའི་ནང་གལ་གནད་ཆེན་པོ་ཞིག་ཏུ་སྒྱུར་ཐུབ་ན་མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཁེ་ཕན་ཆེན་པོ་ཡོད་པ་ཞིག་ཏུ་འགྱུར་ངེས་རེད། འོན་ཀྱང་ཕྱོགས་གཅིག་ནས་བོད་པའི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཙམ་ཞིག་རྩོད་བཞིན་ཡོད་སྟབས། བོད་དོན་དེ་རྒྱ་ནག་རྒྱལ་ཁབ་ནང་ཁུལ་གྱི་གནད་དོན་ཙམ་ཡིན་པ་ལས། རྒྱལ་སྤྱིའི་གནད་དོན་དུ་བསྒྱུར་ནས་ཕན་ཐོགས་མེད་པར་ངོས་འཛིན་བྱེད་མཁན་ཡོད་སྲིད་པ་རེད་ལ། དེ་ལ་རྒྱུ་མཚན་གཏན་ནས་མེད་པའང་མིན་མོད། རྒྱ་དམར་དྲག་པོའི་གཞུང་ལ་ཡིད་ཁྱེད་ཤེས་ཀྱི་ཐོག་ནས་ཡིད་ཆེས་བྱེད་ཆོག་པའི་རིན་ཐང་དང་རྒྱུ་མཚན་སྤུ་རྩེ་ཙམ་མེད་པར། བོད་པ་རང་ངོས་ནས་ཀྱང་དེ་མཚུངས་བཞིན་འཆར་གཞི་མ་ནོར་བར་གྲ་སྒྲིག་འཐུས་ཚང་དང་གོ་སྐབས་དམ་འཛིན་བྱེད་ཐུབ་དགོས་སྙམ།།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 12

Leave a Reply