རྒྱལ་སྤྱིའི་རྐང་སྤོལ་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ།

རྒྱལ་སྤྱིའི་རྐང་སྤོལ་ནང་རྒྱ་ནག་གི་དཔལ་འབྱོར་འབོར་ཆེན་འགྲོ་སོང་གཏོང་བཞིན་ཡོད་ཁར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་ཆར་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཐུག་འཕྲད་བྱས་ནས། མ་འོངས་པར་འཛམ་གླིང་རྐང་སྤོལ་འགྲན་སྡུར་རྒྱ་ནག་ལ་གོ་སྒྲིག་བྱེད་འདོད་ཡོད་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༡༥ ཉིན་རེའུ་ཊོར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན།  ཟླ་འདིའི་ཚེས་༡༤ ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱི་ཚོགས་གཙོ་གྷི་ནཱི་དབྱི་ཧྥན་ནཱི་གཉིས་རྒྱ་ནག་པེ་ཅིང་དུ་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་མ་འོངས་པར་རྒྱ་ནག་གིས། ལོ་བཞི་རེའི་མཚམས་སུ་འཚོགས་བཞིན་པའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་གོ་སྒྲིག་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་ཞི་ཅིན་ཕིང་གིས་ད་ལྟའི་ཆར་རྒྱལ་སྤྱིའི་ནང་གི་རྐང་སྤོལ་ད་དགའ་མོས་ཡོད་མཁན་རྒྱལ་ཁབ་ཁག་གི་རྐང་སྤོལ་གནས་ཚད་དང་རྒྱ་ནག་གི་རྐང་སྤོལ་གནས་ཚད་བར་ཧེ་བག་ཆེན་པོ་ཡོད་པ། དེ་བཞིན་རྐང་སྤོལ་གྱི་དམིགས་ཡུལ་ངོ་མ་དེ་ནི་འགྲན་སྡུར་ཙམ་མ་ཡིན་པར། དེ་ནི་མི་མང་གི་རྒྱལ་ཞེན་དང་མཉམ་བསྡུས་ཀྱིས་འབད་བརྩོན་བྱ་རྒྱུའི་སྙིང་སྟོབས་སློང་རྒྱུ་ཡིན་པ། ཐུག་འཕྲད་དེ་ནི་མ་འོངས་པར་རྐང་སྤོལ་གྱི་མདུན་ལམ་ཆེད། རྒྱ་ནག་དང་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་གཉིས་བར་གྱི་འབྲེལ་ལམ་གསར་པ་དང་ཉེ་པོ་ཞིག་ཆགས་པ་ཡིན་སྐོར་བརྗོད་ཡོད་འདུག

རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱིས་བཏོན་པའི་བསྒྲགས་གཏམ་ཞིག་ནང་། ཐུག་འཕྲད་དེའི་སྐབས་ཕྱོགས་གཉིས་ཀྱིས། རྒྱ་ནག་ནང་མི་མང་གིས་རྐང་སྤོལ་དགའ་མོས་ཇི་ལྟར་ཡོད་མེད་དང་། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་རྐང་སྤོལ་གྱི་གནས་ཚད་ཡར་རྒྱས་གཏོང་ཆེད། ཆ་རྐྱེན་བསྐྲུན་རྒྱུའི་འདུན་པའི་སྐོར་གླེང་མོལ་བྱུང་ཡོད་སྐོར་དང་། དེ་བཞིན་སྲིད་འཛིན་ཞི་ཅིན་ཕིང་གིས། ཁོང་དང་རྒྱ་ནག་མི་མང་གི་རེ་བར། མ་འོངས་པར་སྐྱེས་པའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ཞིག་རྒྱ་ནག་ཏུ་གོ་སྒྲིག་བྱེད་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་བརྗོད་སྐོར་བཀོད་ཡོད་འདུག

ཟླ་༥ པའི་ནང་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནང་རྒྱ་མི་ཀྲང་ཅིན་ཟེར་བ་ཞིག་འདེམས་ཐོན་བྱུང་བ་དེས་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པ་མངོན་གསལ་ཡིན་འདུག་པ་དང་། དེ་བཞིན་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༨ དང་༢༠༢༢ ལོར་ཨུ་རུ་སུ་དང་ཁ་ཊར་གཉིས་སུ་འཚོག་རྒྱུ་ཡིན་པའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་སྐབས། རྒྱ་ནག་གི་ཚོང་ལས་ཁང་མང་པོ་ཞིག་སྦྱིན་བདག་ཏུ་བསྐོ་གཞག་བྱས་ཡོད་འདུག

བརྒྱུད་ལམ་ཁག་ཏུ་ཚོད་དཔག་བྱས་པར་གཞིགས་ན། རྒྱ་ནག་གིས་ཕྱི་ལོ་༢༠༣༠ འམ་༢༠༣༤ ལོར་འཛམ་གླིང་རྐང་སྤོལ་འགྲན་སྡུར་གྱི་གོ་སྒྲིག་བྱེད་པའི་འགྲན་རྩོད་ནང་འཛུལ་ནས་ཐོབ་ཐབས་བྱེེད་སྲིད་པ་རེད་འདུག

ཉེ་བའི་ཆར་རྒྱ་ནག་ནང་གི་རྐང་སྤོལ་འགྲན་སྡུར་ཁྲོད། རྒྱལ་སྤྱིའི་རྐང་སྤོལ་རྩེད་མོ་བ་མང་པོ་ཞིག་ལ་ཨ་སྒོར་ས་ཡ་མང་པོ་བཏང་ནས་ཉོས་ཡོད་ཁར། རྒྱལ་ནང་དུ་རྐང་སྤོལ་ཆེད་འགྲོ་སོང་ཕོན་ཆེན་གཏོང་བཞིན་ཡོད་ཀྱང་། ཕྱི་ལོ་༢༠༡༨ ལོའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ནང་ཚུད་ཐབས་བྲལ་བ་ཆགས་ཡོད་འདུག ད་བར་རྒྱ་ནག་གིས་འཛམ་གླིང་རྐང་སྤོལ་འགྲན་སྡུར་ནང་ཐེངས་གཅིག་ཚུད་མྱོང་ཡོད་པ་དེ་ཕྱི་ལོ་༢༠༠༢ ལོར་ཡིན་པ་དང་། སྐབས་དེར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 414

Leave a Reply