རྒྱུད་སྐུད་སྟེང་གི་རྣམ་ཤེས་ཞེས་པའི་བོད་སྐད་གློག་བརྙན་སྒོ་འབྱེད་བྱ་རྒྱུ།

རྒྱ་རིགས་གློག་བརྙན་བཟོ་སྐྲུན་མཁན་ཞིག་གིས། བོད་སྐད་ཀྱི་གློག་བརྙན་རྒྱུད་སྐུད་སྟེང་གི་རྣམ་ཤེས་ཞེས་པ་ཞིག་བཟོ་སྐྲུན་གྲུབ་ནས། རྒྱ་ནག་གི་གློག་བརྙན་ཁང་ཁག་ཏུ་སྒོ་འབྱེད་བྱ་རྒྱུ་ཡིན་པ་དང་། དེ་སྔོན་ཁོང་གི་བོད་སྐད་ཀྱི་གློག་བརྙན་དང་པོ་དེར་མི་མང་གིས་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་འདུག

ཟླ་༨ པའི་ཚེས་༣ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་སྔོན་ཟླ་༦ པའི་ཚེས་༢༠ ཉིན་རྒྱ་རིགས་གློག་བརྙན་བཟོ་སྐྲུན་མཁན་ཀྲང་ཡང་གིས་བཟོས་པའི་རྣམ་ཤེས་ཀྱི་ལམ་བུ་ཞེས་པའི་བོད་སྐད་ཀྱི་དངོས་བྱུང་གི་གློག་བརྙན་སྒོ་འབྱེད་བྱས་རྗེས། ད་བར་རྒྱ་ནག་གི་གློག་བརྙན་ཁང་ཁག་ཏུ་གློག་བརྙན་གྱི་འཛིན་བྱང་ཉོ་ཚོང་ལས་ཨ་སྒོར་ས་ཡ་༡༥ ལྷག་བསགས་ཐུབ་ཡོད་འདུག་པ་དང་། ཟླ་༨ པའི་ཚེས་༡༨ ཉིན་སླར་ཡང་རྒྱ་ནག་གི་གློག་བརྙན་ཁང་ཁག་ཏུ། ཁོང་གིས་བཟོས་པའི་བོད་སྐད་ཀྱི་གློག་བརྙན་རྒྱུད་སྐུད་སྟེང་གི་རྣམ་ཤེས་ཞེས་པ་ཞིག་སྒོ་འབྱེད་བྱ་རྒྱུ་ཡིན་འདུག

ཁོང་གི་གློག་བརྙན་གསར་པ་བརྩམས་སྒྲུང་དེའི་ནང་གནའ་སྔ་མོའི་དུས་ཞིག་ལ་བོད་མི་འགྲུལ་པ་ཞིག་ལ། རྩ་ཆེ་བའི་རྡོ་ཞིག་རྙེད་ཡོད་པ་དང་། དེའི་ཡོངས་ཁུངས་གནས་རི་རྩ་ཆེན་ཞིག་ལ། རྡོ་དེ་ཕྱིར་བསྐྱལ་ཆེད་ཀྱི་འགྲུལ་བཞུད་སྐོར་ཡིན་འདུག

གློག་བརྙན་དཔྱད་བརྗོད་པ་ལུ་ཅིན་བྷོ་ཡིས། གློག་བརྙན་དེ་ནི་བསམ་གཞིག་ནན་པོ་བྱེད་དགོས་པའི་སྩོལ་སྒྲུབ་ཅིག་ཡིན་པ་དང་། དེས་བོད་ཀྱི་རིག་གཞུང་མཐིལ་ཕྱིན་པ་མིག་སྟོན་བྱས་ཡོད་སྐོར་བརྗོད་འདུག

གློག་བརྙན་བཟོ་སྐྲུན་མཁན་ཀྲང་གིས་དེ་སྔོན་ཁོང་གི་བོད་སྐད་གློག་བརྙན་རྣམ་ཤེས་ཀྱི་ལམ་བུ་ལྟ་བུ་བསམ་གཞིབ་བྱེད་དགོས་པའི་སྒྱུ་སྩལ་གྱི་གློག་བརྙན་ལ་དགའ་མོས་བྱེད་མཁན་མང་དུ་འགྲོ་བཞིན་པ་དེས། རྒྱ་ནག་ནང་གི་ལྟད་མོ་བ་ཚོའི་བསམ་བློ་ཆུ་ཚད་ལོན་གྱི་ཡོད་པས་མངོན་རྟགས་ཡིན་སྐོར་བརྗོད་འདུག

ཁོང་གི་བོད་སྐད་ཀྱི་གློག་བརྙན་དང་པོ་རྣམ་ཤེས་ཀྱི་ལམ་བུ་ཞེས་པ་དེ་ནི་བོད་རིགས་ཁྱིམ་ཚང་ཞིག་གིས་ཆབ་མདོ་ནས་ལྷ་ས་དང་། དེ་ནས་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་པའི་འགྲུལ་བཞུད་ཀྱི་དངོས་བྱུང་གློག་བརྙན་ཞིག་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 119

Leave a Reply