རྗེས་དྲན་དང་སྙིང་སྟོབས་གཟེངས་རྟགས་སྐད་ཡིག་སྲུང་སྐྱོབ་པར་ཕུལ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱའི་བཙོན་ཁང་ནང་སྐུ་གྲོངས་ནས་ལོ་གཉིས་འཁོར་བའི་ཉིན་མོ་དང་བསྟུན། ཐེངས་འདིར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལ་ཕུལ་ཡོད་པ་རེད་འདུག

ཟླ་༧ པའི་ཚེས་༡༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྗེས་དྲན་དང་ཁོང་གི་སྙིང་སྟོབས་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཞིག་འཚོགས་ཏེ། དེར་སྤྲུལ་སྐུ་ཁོང་གི་ཚ་མོ་ཉི་མོ་ལྷ་མོ་དང་། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝེན་དང་། ཨ་རིའི་རྒྱལ་ནང་མང་གཙོ་འཕེལ་རྒྱས་ཐེབས་རྩ་ཁང་གི་ཚོགས་གཙོ་ཁལ་གྷེར་ཤེ་མེན། བོད་མི་མང་སྤྱི་འཐུས་དང་ཨེ་ཤི་ཡའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མ་ཀྲེ་ཨོ་མེ་ཁ་སི། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་ཤེ་རོན་ཧོམ་བཅས་ཀྱིས་གཏམ་བཤད་བྱས་ཡོད་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྙིང་སྟོབས་གཟེངས་རྟགས་ཐེངས་གཉིས་པ་དེ། ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལ་ཕུལ་ཡོད་པ་དང་། ཁོང་གིས་སྤྱི་ཚོགས་དྲ་ལམ་སྟེང་དུ་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་པ་དང། རྒྱ་གཞུང་འགོ་ཁྲིད་ཚོས་དེ་ལ་རམས་འདེགས་བྱེད་དགོས་སྐོར་བྲིས་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༥ ལོར་ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་སྲུང་སྐྱོབ་དགོས་སྐོར་བཀོད་པ་གཞིར་བཞག་ནས། ཡུལ་ཤུལ་དང་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་དེ་རྒྱ་ཡིག་བཞིན་བརྩི་མཐོང་དང་སློབ་ཁྲིད་བྱེད་པའི་ཆེད་དུ་ཞུ་གཏུགས་བྱས་པ་མ་ཟད། གནས་སྟངས་དེ་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་ཁོང་པེ་ཅིང་དུ་ཞུ་གཏུགས་ཆེད་སོང་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་སོགས་བྱས་ཡོད་པ་རེད། དེའི་སྐོར་གྱི་བརྙན་ཐུང་ཞིག་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པ་ཞིག་གིས་བཟོས་ནས་ཁྱབ་ཆེན་པོ་བྱུང་ཡོད་པས། རྒྱ་གཞུང་གིས་ཕྱི་ལོ་༢༠༡༦ ལོའི་ཟླ་༡ པོའི་ཚེས་༢༧ ཉིན་ཡུལ་ཤུལ་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག རྒྱ་ནག་གི་ཁྲིམས་ལུགས་ལྟར་ན། འཛིན་བཟུང་བྱས་པའི་མི་དེའི་ནང་མི་ལ་ཆུ་ཚོད་༢༤ ནང་ཚུད་ལ་བརྡ་ལན་སྤྲོད་དགོས་ཀྱི་ཡོད་འདུག་ཀྱང། ཁོང་གི་ནང་མི་ལ་ཁོང་གི་འཛིན་བཟུང་སྐོར་ཟླ་༣ པའི་ཚེས་༢༤ ལ་བརྡ་ལན་སྤྲད་ནས། ལོ་འདིའི་ཟླ་༣ པའི་ཚེས་༣༠ ཉིན་རྒྱ་གཞུང་གིས་ཁོང་ལ་ཁ་བྲལ་རིང་ལུགས་ལ་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་བྱས་ཡོད་པ་དང་། ད་དུང་ཁྲིམས་ཐག་མ་བཅད་པ་བཙོན་ཁང་དུ་ཡོད་པ་རེད། གལ་ཏེ་ཁོང་ལ་ཉེས་འཛུགས་བྱས་པའི་ནག་ཉེས་དེ་ཁྲིམས་ཁང་གིས་ར་སྤྲོད་བྱས་ཚེ་ལོ་༡༥ ལྷག་གི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་པ་རེད་འདུག

སྐད་ཡིག་སྲུང་སྐྱོ་བ་པ་བཀྲ་ཤིས་དབང་ཕྱུག

མཛད་སྒོའི་ཐོག་ཉི་མོ་ལྷ་མོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གཟེངས་རྟགས་དེ། བཀྲ་ཤིས་དབང་ཕྱུག་ལ་ཕུལ་པ་དེ་དགའ་སྤོབས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་འདོན་གྱི་ཡོད་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༦ ལོ་ཟླ་༧ པའི་ཚེས་༡༢ ཉིན་ སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐེངས་དང་པོ་དེ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལ་ཕུལ་ཡོད་པ་རེད། ཁོང་གིས་ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་པས། ཁོང་ལ་རྒྱ་གཞུང་གིས་ཏཱ་ལའི་རུ་ཚོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག ལོ་༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 143

Leave a Reply