རྡོ་རྫོང་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ།

ཟླ་འདིའི་ཕྱི་ཚེས་༡༩ ཉིན་གྱི་སྔ་དྲོར་རྒྱ་གར་ཧི་མ་ཅལ་ནང་ཆགས་པའི་སྐྱབས་རྗེ་༧གྲུབ་དབང་རྡོ་རྫོང་རིན་པོ་ཆེའི་བྱེས་ཀྱི་གདན་ས་བྱང་ཆུབ་ལྗོངས་སུ། རྡོ་རྫོང་སྐུ་ཕྲེང་བརྒྱད་པ་ངག་དབང་ཡོན་ཏན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་གདུང་ཞུགས་འབུལ་ཞུས་ཡོད་པ་རེད།

དེ་ཡང་ཐོག་མར་སྐུ་གདུང་དགོན་པའི་དཔེ་མཛོད་ཀྱི་ཡང་སྟེང་ནས་སྤོས་འདྲེན་དུང་རྒྱ་སོགས་མཆོད་རྫས་སྣ་ཚོགས་པ་དང་འབྲེལ་སེར་ཕྲེང་བསྒྲིགས་ཏེ་སྐུ་གདུང་ཞུགས་འབུལ་བྱ་ཡུལ་དུ་གདན་འདྲེན་ཞུས་གྲུབ་པ་དང་།

ཞུགས་འབུལ་སྐབས་སྐུ་གདུང་གི་ཤར་ཕྱོགས་སུ་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་འདུས་པ་རྒྱ་མཚོས་མི་འཁྲུག་པའི་ཆོ་ག་དང་། ལྷོ་ཕྱོགས་སུ་ཁམས་སྤྲུལ་རིན་པོ་ཆེ་དང་ཆོས་མགོན་རིན་པོ་ཆེ་གཉིས་དབུ་བཞུགས་ཐོག་དཀོན་མཆོག་སྤྱི་འདུས་ཀྱི་ཆོ་ག ནུབ་ཕྱོགས་སུ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཐོག་ཀྱེ་རྡོ་རྗེའི་ཆོ་ག བྱང་ཕྱོགས་སུ་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དབུ་བཞུགས་ཐོག་རྡོ་སེམས་ཀྱི་ཆོ་ག་བཅས་ཀྱི་ཐོག་ནས་སྐུ་གདུང་ཞུགས་འབུལ་ཞུས་ཡོད་པ་རེད།

སྐུ་གདུང་ཞུགས་འབུལ་སྐབས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག་དང་། དམིགས་བསལ་སྐུ་མགྲོན་ཁག  ཆོས་དང་དམ་ཚིག་གི་འབྲེལ་ཡོད་དགོན་སྡེ་ཁག་སོགས་ཀྱི་འགན་འཛིན་དང་སྐུ་ཚབ་དང་མང་ཚོགས། སློབ་ཕྲུག་བཅས་ཁྱོན་མི་སྟོང་ལྷག་ཙམ་འདུ་འཛོམས་བྱུང་འདུག

༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་ངག་དབང་ཡོན་ཏན་ཆོས་ཀྱི་ཉི་མ་མཆོག་མཆོག་ནི་མདོ་ཁམས་གོ་འཇོ་རུ་ཡབ་སྐལ་བཟང་དབང་ཕྱུག་དང་། ཡུམ་འཛོམ་བྷ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༤༢ ལ་སྐུ་འཁྲུངས་ཡོད་ཅིང་། དགུང་ན་ཕྲ་བའི་དུས་ནས་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་ཁག་ལ་གསན་བསམ་དང་། ཁམས་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་དཔལ་ལྡན་འབྲུག་པ་བཀའ་རྒྱུད་པའི་དབང་ལུང་མན་ངག་གསན་བཞེས་གནང་འགོ་བཙུགས་ཡོད་པ་དང་། ཕྱི་ལོ་༡༩༥༨ ལོར་ཁམས་སྤྲུལ་རིན་པོ་ཆེ་དང་ལྷན་དུ་འབྲས་ལྗོངས་བརྒྱུད་བོད་ནས་རྒྱ་གར་ལ་ཕེབས་རྗེས་ཐུན་མོང་དང་ཐུན་མིན་གྱི་དབང་ལུང་ཁྲིད་གསུམ་སྤྱི་དང་བྱེ་བྲག་ཕྱག་ཆེན་གྱི་ཉམས་ལེན་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང་ཡོད་པ་མ་ཟད་བསླབ་པ་སློབ་གཉེར་མཐར་ཕྱིན་པ་གནང་རྗེས། དགོན་སྡེ་གསར་འཛུགས་སོགས་ཀྱི་སྒོ་ནས་རྣམ་འདྲེན་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་སླར་གསོ་དང་བརྒྱུད་འཛིན་ཐོག་ཕྱག་རྗེས་བླ་ན་མེད་འཇོག་མཁན་གྱི་སྐྱེས་ཆེན་རྨད་དུ་བྱུང་བ་ཞིག་ཡིན་པ་རྩོད་མེད་ཅིག་ཡིན་འདུག འདི་ལོའི་ཕྱི་ཟླ་༢ ཚེས་༡༦ ཉིན་ཐའེ་ཝན་དུ་དགོངས་པ་གཞན་དོན་དུ་གཤེགས་སྐབས། བདུན་ཕྲག་དུ་མའི་རིང་ཐུགས་དམ་བཞུགས་པ་སོགས་ཡ་མཚན་ཅན་གྱི་གྲུབ་པའི་རྟགས་མཚན་མངོན་སུམ་དུ་བྱུང་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 411

Leave a Reply