རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་ཁང་གསར་པའི་དབུ་འབྱེད་མཛད་སྒོ།

བཀྲ་ཤིས་པའི་ཉིན་མོ་ཟེར་ཚིག་བཟང་པོ་བཤད་བསྡད་པ་གཅིག་པུ་མ་ཡིན་པར་ལག་ལེན་ངོ་མའི་ཐོག་ནས་གྲུབ་འབྲས་བཟང་པོ་ཞིག་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་བྱུང་འདུག་ཅེས་རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་ཁང་གསར་པ་དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་སྔ་དྲོར་དྷ་ས་མེག་གྷན་རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོར་༧གོང་ས་མཆོག་གིས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཁག་ཅིག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྦྱིན་བདག་རྣམ་པ། དྷ་སའི་གཡས་གཡོན་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། དད་ལྡན་སེར་སྐྱ་མང་ཚོགས་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་དང་། སློབ་གཉེར་བ་ཚོས་རྟགས་གསལ་གཟིགས་འབུལ་ཞུས་རྗེས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དང་སློབ་གཉེར་ཁང་གི་སློབ་སྤྱི་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་གྱིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་བྱུང་རིམ་དང་། གྲྭ་ཚང་གི་ཤེས་ཡོན་སློབ་སྦྱོང་གི་འཕེལ་རིམ། སློབ་གཉེར་ཁང་གསར་པའི་གནས་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་གནང་སོང་།

དེ་རྗེས་སློབ་གཉེར་ཁང་གི་ཨར་ལས་ཀྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་དགེ་བྱེད་ཀྱིས་སློབ་གཉེར་ཁང་གསར་རྒྱག་གི་བྱུང་སོང་གི་རྩིས་ཁྲ་སྙན་སྒྲོན་ཞུས་པ་ལྟར་ན། དགའ་ལྡན་ཕོ་བྲང་ནས་ནང་ཆས་སོགས་ཀྱི་ཆེད་ཧིན་སྒོར་འབུམ་༡༠༠ གནང་ཡོད་པ་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་། ཨི་ཊ་ལི་དང་། ཝེ་ཏི་ནམ་ཆོས་ཚོགས་གཙོས་པའི་དད་ལྡན་སྦྱིན་བདག་ཁག་ནས་ཁྱོན་ཧིན་སྒོར་འབུམ་༦༠༠ དང་༡༡༡༥༥ ཕུལ་ནས། ཁྱོན་ཧིན་སྒོར་འབུམ་༧༠༠ དང་༡༡༡༥༥ བྱུང་ཡོད་པ་ལས། འཛུགས་སྐྲུན་དང་ཕྱི་ནང་གི་མཐུན་རྐྱེན་ཚང་མའི་ཆེད་དུ་ཁྱོན་ཧིན་སྒོར་འབུམ་༦༩༩ དང་། ༦༢༤༣༡ འགྲོ་སོང་ཕྱིན་ཡོད་འདུག

དེ་རྗེས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་རྣམ་རྒྱལ་གྲྭ་ཚང་གཙུག་ལག་སློབ་གཉེར་ཁང་དེ་འཛུགས་པའི་དགོས་དམིགས་ཀྱི་སྐོར་ལ་གསུང་བཤད་གནང་རྗེས། ༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན་དུ།“དེ་རིང་འདི་གར་གཙོ་བོ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་དབུས་པའི་དགེ་འདུན་བགྲེས་གཞོན་བར་གསུམ་དང་། དེ་བཞིན་དུ་གྲྭ་ཚང་གི་སློབ་གཉེར་ཁང་གི་འཛིན་གྲྭ་ཐོགས་བརྩེགས་ཅན་འདི་འདྲ་ཞིག་འཛུགས་སྐྲུན་བྱེད་པར། དཔལ་འབྱོར་དང་སེམས་ཤུགས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཁྱོད་རང་ཚོ་སྦྱིན་བདག་མང་པོ་ཞིག་དེ་རིང་འདིར་སླེབས་ཡོད་རེད། ཨི་ཊ་ལི་དང་ཝེ་ཏི་ནམ་ནས་མི་གང་འཚམ་ཞིག་སླེབས་ཡོད་རེད། དེ་བཞིན་འདི་གའི་གྲྭ་རྒྱུན་གྱི་ཕྲུ་གུ་ཚོ་དང་འབྲེལ་བ་ཡོད་པའི་མོན་ནས་ཕ་མ་སྤུན་མཆེད་མང་པོ་ཞིག་འབྱོར་འདུག དེ་དང་དེ་འདྲ་བའི་འབྲེལ་ཡོད་གང་འཚམ་ཞིག་འདིར་སླེབས་ཡོད་རེད། འདི་གར་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་འབྲེལ་ཡོད་རྣམ་པ་ཡང་སླེབས་ཡོད་རེད། ད་དེ་རིང་འདིར་བཀྲ་ཤིས་པའི་ཉིན་མོ་ཞིག་རེད། བཀྲ་ཤིས་པའི་ཉིན་མོ་ཟེར་ཚིག་བཟང་པོ་བཤད་བསྡད་པ་གཅིག་པུ་མ་ཡིན་པར་ལག་ལེན་ངོ་མའི་ཐོག་ནས་གྲུབ་འབྲས་བཟང་པོ་ཞིག་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་བྱུང་འདུག དེ་ཆགས་སྡང་གོང་འཕེལ་འགྲོ་བའི་ལས་འགུལ་མ་རེད། བྱམས་བརྩེ་གོང་འཕེལ་འགྲོ་བའི་ལས་འགུལ་ཞིག་ཆགས་ཀྱི་ཡོད་རེད།  དངོས་སུ་ང་རང་ཚོ་ཕན་བདེ་ལེགས་བཤད་གླིང་གི་གྲྭ་རྒྱུན་མི་སྦར་མོ་གང་རེད་དེ། ང་ཚོ་ཚང་མ་འཛམ་བུ་གླིང་གི་མི་དུང་ཕྱུར་བདུན་བཅུའི་ནང་གི་ཆ་ཤས་ཤིག་ཆགས་ཡོད་རེད།”ཅེས་དང་། དེ་བཞིན་ཁོང་གིས་བྱམས་བརྩེ་གལ་ཆེ་སྐོར་དང་། དགོན་པ་ཆེ་ཆུང་ག་འདྲ་ཞིག་ཡིན་ཡང་ཤེས་ཡོན་གྱི་བསྟི་གནས་སུ་བསྒྱུར་རྒྱུ་གལ་ཆེ་སྐོར། ཆོ་ག་ཕྱག་ལེན་ཙམ་བྱས་ནས་བསྡད་ན་ཁྱད་ཆོས་ཐོན་ཐུབ་ཀྱི་མེད་སྐོར་བཅས་གསུངས་སོང་ལ། གཞན་ཡང་ཆོས་གྲྭར་འགྲིམས་ནས་རྩོད་པ་རྐྱང་རྐྱང་བྱས་པ་མ་ཡིན་པར། ཐོས་དོན་སྒྲུབ་པར་འབད་རྒྱུ་གལ་ཆེ་སྐོར་དང་། སྒྲུབ་པ་དེ་ཡང་བསྙེན་པ་གཏོང་བ་ཙམ་མ་ཡིན་པར་བྱང་ཕྱོགས་སོ་བདུན་སོགས་ཀྱི་ཐོག་ལ་བསྒྲུབ་པ་གནང་དགོས་སྐོར་སོགས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 165

Leave a Reply