རྨོ་མོ་ཚོ་སློབ་གྲྭར་བསྐྱོད་པའི་ལོ་འཁོར་དུས་དྲན།

དཀོན་མཆོག་གིས་ཁྱེད་རང་ཚོས་མི་ཚེའི་ནང་ག་རེ་བྱས་ཡོད་ཅེས་གསུང་པ་དང་ང་ཚོས་ཆེན་པོ་གང་བྱས་ཐུབ་མ་སོང་ཡང་། སློབ་གྲྭར་ཕྱིན་ནས་སོ་སོའི་མིང་དང་མིང་རྟགས་རྒྱག་སྟངས་སྦྱངས་པ་ཡིན་ཞུ་རྒྱུ་ཡིན་ཞེས་ར་མ་བྷི་གྷན་པ་ཐི་ཞེས་པའི་རྨོ་མོས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༨ སྟེ་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་དང་སྟབས་བསྟུན་ནས་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་མངའ་སྡེ་མ་ཧ་ར་ཤི་ཏ་རའི་ཧྥན་གྷན་གྲོང་གསེབ་གྱི་རྨོ་མོ་རྣམས་ལོ་གཅིག་གོང་ནས། སློབ་གྲྭར་འགྲོ་འགོ་བཙུགས་ཡོད་འདུག་ཀྱང་། ལོ་ན་ཧ་ཅང་མཐོ་བའི་རྨོ་མོ་ཁག་ཅིག་གིས་ཡི་གེ་གསལ་པོ་མཐོང་མི་ཐུབ་པ་དང་། ཡང་ཁག་ཅིག་གི་བྲང་ཁོག་ལ་ན་ཟུག་བྱུང་ནས་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་འདུག འོན་ཀྱང་རྨོ་མོ་རྣམས་རེས་གཟའ་ཕུར་བུ་མ་གཏོགས་ཉིན་རྒྱབ་རྟག་པར། དཔེ་ཁུག་ནང་དུ་སྦྱང་ཤིང་སོགས་བླུགས་ནས། སྲག་རས་ཟིང་སྐྱས་བཟོས་པའི་སྒྲིག་ཆས་གྱོན་ནས་སློབ་གྲྭར་ཆེད་བསྐྱོད་ཀྱིས་སོ་སོ་ལས་ལྡབ་འགྱུར་གྱིས་ལོ་ན་གཞོན་པའི་དགེ་རྒན་ཞིག་གི་དྲུང་ནས་འབྲི་ཀློག་སློབ་སྦྱོང་བྱེད་མུས་ཡིན་འདུག་ལ། ཕྱི་ལོ་༢༠༡༧ ལོའི་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་ནི། ཁོང་ཚོའི་སློབ་གྲྭ་གསར་འཛུགས་བྱས་ནས་ལོ་གཅིག་འཁོར་བའི་དུས་དྲན་གྱི་ཉིན་མོ་ཡང་ཡིན་འདུག

དེར་འབྲི་ཀློག་སློབ་སྦྱོང་བྱེད་བཞིན་པའི་རྨོ་མོ་རྣམས་ནི་ལོ་༦༠ ནས་༩༠ བར་གྱི་མི་རྐྱང་རྐྱང་ཡིན་འདུག་ལ། འདས་པའི་ལོ་གཅིག་གི་རིང་ལ་ཁྱོན་བསྡོམས་སློབ་མ་༢༨ ཡོད་པའི་ཁྲོད་ནས་༡ འདས་གྲོངས་སུ་གྱུར་ཡོད་འདུག འོན་ཀྱང་། ད་ཆ་སློབ་མ་གསར་པ་༣ འཛུལ་ཞུགས་བྱས་ནས་ད་ལྟའི་ཆར་ཁྱོན་སློབ་མ་༣༠ ཐམ་པ་ཆགས་ཡོད་འདུག

སློབ་གྲྭ་དེར་སློབ་གཉེར་བྱེད་བཞིན་པའི་རང་ལོ་༩༠ ལ་སོན་པའི་རྨོ་མོ་ཨ་སུ་ཡ་ཌེ་ཤི་མུ་ཁི་ནི་རང་ལོ་༡༠ ལ་སོན་སྐབས་གཉེན་སྒྲིག་བྱས་པ་ཡིན་འདུག མོས་“ཆུང་དུས་སུ་དངུལ་དང་སྦྱང་ཤིང་མེད་ལ། གྱོན་པ་ཉོ་རྒྱུའི་དངུལ་ཡང་མེད་”ཅེས་བརྗོད་ཡོད་འདུག་ལ། འདས་པའི་ལོ་གཅིག་གི་རིང་ལ་ཁོ་མོས་མིང་རྟགས་འགོད་ཐུབ་པ་བྱུང་ཡོད་པ་དང་། གསལ་བྱེད་ཀློག་ཤེས་པ། གཞན་གྲངས་ཀ་༢༡ བར་འབྲི་ཤེས་པ་བྱུང་ཡོད་འདུག

ད་དུང་ར་མ་བྷི་གྷན་པ་ཐི་ཞེས་པའི་བགྲེས་སོང་ཞིག་གིས་“ང་ཚོ་སློབ་གྲྭ་འགྲོ་རྒྱུར་དགའ་པོ་ཡོད། ང་ཚོ་རྨོ་མོ་རྣམས་མཉམ་དུ་བསྐྱོད་ཀྱི་ཡོད། ང་ཚོས་སློབ་སྦྱོང་ཡག་པོ་བྱེད་ཐུབ་པར་ང་ཚོར་སྤོབས་པ་ཡོད་”ཅེས་དང་། དེ་བཞིན་ཁོ་མོས་“ང་ཚོ་ཤི་ནས་དཀོན་མཆོག་གི་དྲུང་དུ་བཅར་དུས། ཁྱེད་རང་གིས་མི་ཚེའི་ནང་ག་རེ་བྱས་ཡོད་ཅེས་དྲིས་དུས། ང་ཚོས་ཆེན་པོ་གང་བྱེད་ཐུབ་མ་སོང་རུང་། སློབ་གྲྭར་ཕྱིན་ནས་སོ་སོའི་མིང་དང་མིང་རྟགས་རྒྱག་སྟངས་སྦྱངས་པ་ཡིན་ཞུ་རྒྱུ་ཡིན་”ཞེས་གད་མོ་དང་བཅས་བརྗོད་ཡོད་འདུག

ཚོགས་པ་དེ་གསར་འཛུགས་བྱེད་མཁན་ནི། སྐུ་ཞབས་བྷན་གྷར་ཞེས་པའི་སྐྱེས་པ་རང་ལོ་༤༡ ལ་སོན་པ་ཞིག་ཡིན་འདུག་ལ། ཁོ་པས་གྲོང་གསེབ་ཀྱི་སྐྱེས་མ་ཚོས་ (Chatrapati Shivaji Maharaj) ཞེས་པའི་དུས་རབས་༡༧ པའི་རྒྱལ་པོ་ཞིག་གི་སྐུ་ཚེའི་སྐོར་བཀླག་ཐུབ་པ་བྱུང་ན་ཞེས་ཁོ་པར་བརྗོད་པ་དང་། སློབ་གྲྭ་དེ་གསར་འཛུགས་བྱས་པ་ཡིན་སྐོར་བརྗོད་འདུག་ལ། ལོ་ལྟར་གྲོང་གསེབ་དེའི་ནང་རྒྱལ་པོ་དེའི་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་འདུག  ཁོས་བུད་མེད་ཚོས་བུད་མེད་ཀྱི་ཉིན་མོར་གུས་བརྩི་བྱེད་དགོས་པ་དང་། ང་ཚོའི་རྨོ་མོ་རྣམས་ལ་ད་བར་གུས་བརྩི་ཐོབ་མེད་ཀྱང་། མཐའ་མ་དེར་ཁོ་རང་ཚོར་ཐོབ་འོས་པའི་གུས་བརྩི་ཐོབ་པ་རེད་ཅེས་བརྗོད་ཡོད་འདུག སྐུ་ཞབས་བྷན་གྷར་གྱིས་སློབ་གྲྭ་དེའི་སློབ་ཁང་དང་སྲག་རས། དེ་བཞིན་ཁྲིད་ཆས་གཞན་རྣམས་ཉོ་བྱེད་ཀྱི་འགྲོ་གྲོན་ནི་རོགས་ཚོགས་ཞིག་ནས་ལེན་གྱི་ཡོད་ཚུལ་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 102

Leave a Reply