རྩིས་ལོ་༢༠༡༧ ནས་༢༠༡༨ ལ་བཀའ་ཤག་གིས་ཧིན་སྒོར་ས་ཡ་༢༤༣༩.༨༠ ཡི་སྔོན་རྩིས་རྒྱབ་གཉེར་ཞུས་འདུག

རྩིས་ལོ་༢༠༡༧ ནས་༢༠༡༨ བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་ཚོད་དཔག་ཕྱོགས་བསྡོམས་རྒྱབ་གཉེར་བྱེད་ཀྱི་ཡོད་པ་དེ། རྩིས་ལོ་སྔོན་མར་ཐོག་མའི་སྔོན་རྩིས་གཏན་འབེབས་བྱས་པ་ལས་ཧིན་སྒོར་ས་ཡ་༡༩༩.༣༢ ཡིས་མང་བ་ཡོད་འདུག་པ་དང་། དེ་ལས་དགོས་དངུལ་ཧིན་སྒོར་ས་ཡ་༦༠༢.༩༢ སྔོན་རྩིས་མ་དངུལ་ནས་རྒྱབ་གཉེར་ཞུ་འཆར་ཡོད་འདུག

སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་མ་འོངས་ལོ་ལྔའི་རིང་མུ་མཐུད་འདི་ལྟར་བཏང་ཚེ་སྔོན་རྩིས་མ་དངུལ་གྱི་གནས་སྟངས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་མིན་སྐོར་བཀའ་ཤག་ལ་བཀའ་འདྲི་གནང་འདུག་ཀྱང་། བཀའ་ཤག་གིས་ཡོང་རྒྱུའི་ལོ་ལྔའི་རིང་དཀའ་ངལ་འཕྲད་མི་སྲིད་པའི་གདེང་ཚོད་ཡོད་སྐོར་གསུངས་ཡོད་འདུག དེ་བཞིན་རྩིས་ལོ་འདིའི་ནང་སྐུ་རྟེན་ཁག་གི་ཕོགས་དོད་བརྒྱ་ཆ་བརྒྱ་ལྷག་སྤར་ཆ་གནང་ཡོད་འདུག

ཟླ་འདིའི་ཚེས་༡༤ ཉིན་བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་རྒྱབ་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༧ ནས་༢༠༡༨ བར་གྱི་སྔོན་རྩིས་འགོད་འབུལ་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་རྩིས་ལོ་༢༠༡༧ ནས་༢༠༡༨ བར་གྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཞུས་ཡོད་པ་རེད།

དཔལ་འབྱོར་བཀའ་བློན་གྱིས་གསུང་དོན། བོད་མིའི་སྒྲིག་འཛུགས་མ་ལགས་ཡོངས་ཀྱི་ཕྱི་ལོ་༢༠༡༦ ལོའི་ཟླ་༣ པའི་ཚེས་༣༡ ཉིན་གྱི་ཕྱོགས་བསྡོམས་མ་དངུལ་བསྡོམས་སྒོར་ས་ཡ་༢,༨༠༣.༠༢ བྱས་པ་ཕྱི་ལོ་༢༠༡༥ ལོའི་ཟླ་༣ པའི་ཚེས་༣༡ ཉིན་གྱི་གནས་བབ་ལས་སྒོར་ས་ཡ་༣༦༦.༦༩ ཡིས་མང་བ་ཡོད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་དང་ལྷན་ཁང་གི་གཏན་འཇག་མ་དངུལ་བསྡོམས་སྒོར་ས་ཡ་༥༦༨.༨༤ ཡོད་པ་དང་། སྔོན་རྩིས་མ་དངུལ་བསྡོམས་སྒོར་ས་ཡ་༦༩༡.༨༠ ། དེ་བཞིན་ཕྱི་ལོ་༢༠༡༦ ལོའི་ཟླ་༣ པའི་ཚེས་༣༡ ཉིན་གྱི་ཟུར་བཀོལ་མ་དངུལ་ཕྱོགས་བསྡོམས་ས་ཡ་༡༨༥༨.༣༢ ཡོད་པ་རེད་འདུག

སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཚུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་ཚོགས་ཆུང་སྙན་ཐོ་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། རྩིས་ལོ་༢༠༡༥ ནས་༢༠༡༦ བར་གྱི་སྔོན་རྩིས་མ་དངུལ་བྱུང་སོང་གི་གནས་སྟངས་ལ་འགྲོ་འཆར་གཏན་འབེབས་སྒོར་ས་ཡ ༤༢༢.༧༤ དང་དངོས་བྱུང་སྒོར་ས་ཡ་༥༤༧.༦༠ ནས་དངོས་སོང་སྒོར་ས་ཡ་༣༠༣.༦༨ བྱུང་སོང་ཁ་འཐབ་ཀྱི་ལྷག་འཕྲོས་སྒོར་ས་ཡ་༢༤༣.༩༢ ཡིན་འདུག

དེ་བཞིན་དེ་སྔོན་ཨ་རིའི་གཞུང་USAID གི་རོགས་དངུལ་འཕར་མ་ཨ་སྒོར་ས་ཡ་༢༣ གནང་རྒྱུ་གཏན་འཁེལ་བྱུང་བ་ལྟར། ཕྱི་ལོ་༢༠༡༦ ལོའི་ཟླ་༡༠ པ་ནས་ཕྱི་ལོ་༢༠༡༧ ལོའི་ཟླ་༩ པ་བར་ལོ་འཁོར་གཅིག་ཆེད་ཨ་སྒོར་༤༨༨༤༩༣༩ སྔོན་རྩིས་བཀའ་ཁྲོལ་གནང་ཟིན་པ་ལྟར་ལས་གཞི་ཁག་ཅིག་ལག་བསྟར་གནང་བཞིན་པ་དང་། གཞན་རྣམས་རྩིས་ལོ་འདིའི་ནང་ལྷན་ཁང་ཁག་སོ་སོ་དང་འབྲེལ་བའི་ལས་འཆར་ནང་བཀའ་ཁྲོལ་ཞུས་ཡོད་འདུག་ཅིང་། ཕྱི་ལོ་༢༠༡༧ ལོའི་ཟླ་༡ པོ་བར་ལྷན་ཁང་ཁག་ནས་ཧིན་སྒོར་༡༩,༣༢༨,༢༩༠།༥༠ འགྲོ་གྲོན་བཏང་ཟིན་ཡོད་འདུག

དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་རྒྱབ་གཉེར་དང་སྤྱི་ཡོངས་མཐོང་ཚུང་ནང་གནད་དོན་༡༣ འཁོད་ཡོད་པ་ལས། གནད་དོན་ཨང་༥ པའི་ནང་ཕྱི་དྲིལ་ལས་ཁུངས་ཀྱི་དམིགས་བསལ་ནང་རྒྱ་རིགས་འབྲེལ་ལམ་སྐོར་ལོ་འཁོར་ཚོགས་འདུ་དང་ཟབ་སྦྱོང་ཞེས་པའི་ལས་འཆར་དེའི་དགོས་དངུལ་སྔོན་རྩིས་མ་དངུལ་ནས་གཏོང་རྒྱུ་འཆར་འབུལ་ཞུས་འདུག་པས། ཚོགས་འདུ་དང་ཟབ་སྦྱོང་གི་འགྲོ་གྲོན་དེ་སྔོན་རོགས་དངུལ་ནས་བཏང་བ་ལྟར་འཆར་རྩིས་ཀྱི་དངུལ་འབོར་ཆེན་པོ་ཆགས་ཀྱི་འདུག་ན། དེ་རིགས་ལ་དགོངས་བཞེས་ཀྱིས་ཚོགས་འདུ་ཚོགས་ཡུལ་དབུས་སྣེ་ལེན་ཁང་ངམ། དེ་མིན་འགྲོ་གྲོན་ཆེན་པོ་དེ་ཙམ་མིན་པའི་ས་གནས་སུ་གོ་སྒྲིག་དགོས་རྒྱུར་གལ་ཆེན་མཐོང་སྐོར་འཁོད་འདུག

དེ་བཞིན་ཨང་༧ པའི་ནང་དཔལ་འབྱོར་བོད་མིའི་བདེ་དོན་ལྷན་ཚོགས་ཀྱི་ཟུར་བཀོལ་ནང་གསེས་འབབ་གྲོན་གཞན་གྱི་ཁོངས་སུ། སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་གི་ལས་ཤག་དང་ས་གནས་འགོ་འཛིན་ལས་ཁུངས་དང་ལས་ཤག་ཡོད་པའི་ཁང་ཁོངས་ཀྱི་གློག་རིན་ཕྱི་ལོ་༡༩༩༤ ཡི་གོང་དང་། ཕྱི་ལོ་༡༩༩༤ ཟླ་༩ པ་ནང་མ་གནང་བས་ཉེས་ཆད་དང་དངུལ་སྐྱེད་འབབ་བསྡོམས་སྒོར་༢༢༣༡༦༢ འགྲོ་འཆར་ཡོད་པར། འགན་འཛིན་ལྷན་ཚོགས་སྐབས་༢༩ སྐབས་བོད་མིའི་བདེ་དོན་ལྷན་ཚོགས་ནས་སྤྲད་རྒྱུའི་ཐག་གཅོད་བྱུང་བ་བཞིན་སྔོན་རྩིས་ཁོངས་འཆར་འབུལ་གནང་འདུག་ཀྱང་། ད་བར་གློག་རིན་ཉེས་ཆད་དང་དངུལ་སྐྱེད་ཁུངས་སུ་ཕོལ་བའི་སྦིལ་འཛིན་འབྱོར་སོན་བྱུང་ཡོད་མི་འདུག་པས། ཁུངས་སྐྱེལ་ཡིག་ཆ་ཐོབ་སོན་མ་བྱུང་བར་དངུལ་འབབ་སྤྲོད་ཐལ་མེད་པ་དགོས་རྒྱུ་ཅེས་འཁོད་འདུག

གནད་དོན་ཨང་༩ པའི་ནང་གསལ། རྩིས་ལོ་སྔོན་མ་རྣམས་སུ་དབུ་འཁྲིད་བླ་ཆེན་དང་། མཁན་ལས་ཟུར་བཅས་ཀྱི་མཚན་དོད། སྐུ་རྟེན་ཁག་གི་གསོལ་ཕོགས་དོད་སོགས་ཆོས་རིགས་ཟུར་བཀོལ་རྒྱུན་གྲོན་ཕོགས་དང་ཁེ་ཕན་གཞན་ཁོངས་ཞུས་བསྩལ་གནང་འདུག་ཀྱང་། འདི་ལོ་འབབ་གྲོན་གཞན་ཁོངས་བླ་ཆེན་དང་སྐུ་རྟེན་རྣམ་པའི་མཚན་དོད། དགོན་སྡེ་ཁག་གི་དགེ་ལས་ཕོགས་མཐུན་འགྱུར་ཞེས་རྩིས་འགོ་གསར་གཏོད་ཀྱིས་འཆར་འབུལ་གནང་འདུག་པ་མ་ཟད། སྐུ་རྟེན་རྣམས་ཀྱི་ཕོགས་དོད་བརྒྱ་ཆ་བརྒྱ་ལྷག་སྤར་ཆ་གནང་འདུག་པ་ནི་སྤར་ཚད་མཐོ་དྲགས་པ་ལྟ་བུ་མངོན་ཡང་། དགོས་པ་རྒྱུ་མཚན་མང་པོ་ཞིག་ཡོད་འདུག་པས་ཚོགས་ཆུང་གིས་གཅོག་ཆ་ཞུ་མི་ཤེས་བཅས་འཁོད་འདུག

ཨང་༡༡ པའི་ནང་གངས་སྐྱིད་ཁུལ་དུ་ལས་ཤག་གསར་རྒྱག་དང་། ད་ལྟ་འགྲོ་བཞིན་པའི་ལས་ཁུངས་གསར་རྒྱག་གྲུབ་རྗེས་ཀྱི་གནས་བབ་དང་འབྲེལ། ལྷན་ཁང་འགའ་ཞིག་གི་ཁང་ཁུངས་བཟོ་བཅོས་དང་ཉམས་གསོ། གཞན་པའི་འཛུགས་སྐྲུན་རིགས། འཛིན་ཆས་དང་འཕྲུལ་ཆས་གསར་ཉོ་སོགས་ཀྱི་སྐོར་ལ་རིན་ཚད་འགྲན་ཤོག་དང་འཆར་གཞི་ཞིབ་ཕྲ་མེད་པ་སྔ་ལོ་ལས་མང་དུ་ཕྱིན་འདུག་པས། བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་བདུན་པའི་ནང་གསེས་༣ པའི་དགོངས་དོན་རྒྱབ་གཉེར་གནང་འདུག་པ་ལྟར། ལག་བསྟར་གནང་ཕྱོགས་མ་འཕྱུག་བ་དགོས་རྒྱུ་མ་ཟད། རྩིས་ལོ་རྗེས་མ་རྣམས་སུ་འདི་རིགས་ལ་འཆར་རྩིས་དང་ལྡན་པའི་ལས་གཞི་ཚད་ལྡན་འབུལ་ཐུབ་པ་གནང་དགོས་འདུག་ཅེས་འཁོད་འདུག

དེ་བཞིན་གནད་དོན་ཨང་༡༣ པའི་ནང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་བྱེད་རིང་རྩིས་པ་དང་འབྲེལ་ཡོད་ལས་བྱེད་བཅས། ཚོགས་ཆུང་ནས་བསྐོང་འབོད་ནམ་བྱས་སྐབས་བཅར་དགོས་སྐོར་ཚོགས་དྲུང་ལས་ཁུངས་ནས་བཀའ་དྲུང་ཡིག་ཚང་དང་། བཀའ་དྲུང་ཡིག་ཚང་ནས་ལྷན་ཁང་ཁག་ཏུ་བཀོད་ཁྱབ་ཁ་གསལ་བཏང་འདུག་ཀྱང་། ད་དུང་ལས་ཁུངས་རེ་ཟུང་གི་རྩིས་པ་དང་འབྲེལ་ཡོད་ལས་བྱེད་རེ་གཉིས་ཤིག་དགོངས་ཞུ་བྱས་པ་སོགས་བྱུང་སོང་བས། མ་འོངས་འདི་རིགས་མི་འབྱུང་ཆེད་འགོ་ལས་ཡོངས་ནས་དམ་དོན་གནང་དགོས་གལ་ཞེས་འཁོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༧ ནས་༢༠༡༨ བར་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་ཚོད་དཔག་ཕྱོགས་བསྡོམས་རྒྱབ་གཉེར་སྒོར་ས་ཡ་༢༤༣༩.༨༠ བྱེད་ཀྱི་ཡོད་པ་དེ། རྩིས་ལོ་༢༠༡༦ ནས་༢༠༡༧ བར་གྱི་ཐོག་མའི་སྔོན་རྩིས་གཏན་འབེབས་ལས་སྒོར་ས་ཡ་༡༩༩.༣༢ ལས་མང་བ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 257

Leave a Reply