ལ་དྭགས་སུ་༧གོང་ས་མཆོག་དབུ་བཞུགས་ཐོག་འཁྲུངས་སྐར་སྲུང་བརྩི།

ལ་དྭགས་སླེ་རུ་སྐུའི་འཁྲུངས་སྐར་༸གོང་ས་མཆོག་དབུ་བཞུགས་ཐོག་སྲུང་བརྩི་ཞུས་པ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ། དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་རིན་པོ་ཆེ་སོགས་སྐྱ་སེར་མི་མང་ཕེབས་ཡོད་པ་རེད།

༧གོང་ས་མཆོག་གིས་གཞོན་སྐྱེས་ཚོ་དང་འབྲེལ་ནས་བཀའ་སློབ་གནང་དོན། “འདས་པ་ལས་ང་ཚོས་བསླབ་བྱ་ལེན་རྒྱུ་ཞིག་མ་གཏོགས་དེར་འགྱུར་བཅོས་གཏོང་ཐབས་གང་ཡང་མེད།  འོན་ཀྱང་མ་འོངས་པ་དེ་འབྱུང་འགྱུར་རེད།  མ་འོངས་པའི་དུས་དེ་ད་ལྟ་བར་ལྟོས་ནས་ཡོད།  དེར་བརྟེན་ཁྱེད་ཚོ་གཞོན་སྐྱེས་སློབ་ཕྲུག་ཚོས་མ་འོངས་པའི་དུས་ཚོད་གང་འདྲ་ཡོང་མིན་གཙོ་བོ་ཁྱེད་ཚོར་རག་ལུས་ཡོད། རྒས་པོ་ཚོས་སྨོན་ལམ་རྒྱག་རྒྱུ་མ་གཏོགས་དེ་ཙམ་བྱ་རྒྱུ་མེད།  ཁྱེད་ཚོ་གཞོན་སྐྱེས་ཚོ་ད་ལྟ་སློབ་སྦྱོང་བྱས་དང་བྱེད་བཞིན་པ་རེད། མ་འོངས་པར་མིའི་རང་བཞིན་ལྷན་སྐྱེས་བསམ་པ་བཟང་པོ་ཞིག་དང་། ལྷན་སྐྱེས་ཀྱི་ཀླད་པ་དངོས་གནས་དྲང་གནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་ཐུབ་རྒྱུ་ཡོད་པ་དེ་ཟུང་དུ་འབྲེལ་བའི་ཐོག་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཡོང་ཐུབ་རྒྱུ་རེད། གང་ལྟར་རེ་བ་ཡོད། དེ་འདྲའི་རེ་བ་ཞིག་བསྒྲུབ་ཡག་ལ་ང་ཚོས་འབད་བརྩོན་བྱ་དགོས། འཛམ་གླིང་ཤར་ནུབ་ལྷོ་བྱང་། ཆོས་ལུགས་དང་མི་རིགས།  སྐད་ཡིག་འདྲ་མིན་ཁྱད་པར་གང་ཡང་མེད་པར་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། དེར་བརྟེན་ཁྱེད་རང་སློབ་ཕྲུག་ཚོ་མ་འོངས་པའི་སོན་རྩ་གལ་ཆེ་ཤོས་ཆགས་ཡོད་”ཅེས་བཀའ་སློབ་གནང་།
༧གོང་ས་མཆོག་གིས་སྐྱ་སེར་ཕོ་མོ་ཚོར་བཀའ་སློབ་གནང་དོན། “སེར་སྐྱ་ཕོ་མོ་མང་པོ་ཞིག་འདིར་འདུས་འདུག ཁྱེད་ཚོར་ཞུ་རྒྱུ་ལ་དེ་རིང་འདིར་ངོས་ཀྱི་སྐྱེས་སྐར་གྱི་དུས་དྲན་ཐོག་ལ་ཁྱེད་ཚོ་ཚང་མ་དགའ་པོ་བྱས་ནས་ཡོང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།  དེ་རིང་འདི་ཁྱེད་རང་ཚོ་ཡུལ་པའི་ཡུལ་གཞས། དེ་བཞིན་བོད་མི་སྐྱབས་བཅོལ་ལ་ཡོང་མཁན་ཚོས་གཞས་སྣ་འཁྲབ་ནས་བྱུང་སོང་། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། གསུང་བཤད་གནང་མཁན་ཚང་མས་ངོས་ལ་འཚམས་འདྲི་གནང་བ་དང་ཆབས་གཅིག་བསྟོད་བསྔགས་ཆེན་པོ་གནང་བྱུང་། ངོས་རང་ངོས་ནས་བསམ་བློ་གཏོང་སྐབས་སྙན་ངག་གི་འུད། ཟེར་བ་ཞིག་ཡོད།  གཞི་རྩ་ཆུང་ཆུང་ཞིག་ཆེན་པོ་བཟོ་རྒྱུ་ཞིག་ཡོད། སྙན་ངག་གི་འུད་ལྟ་བུར་གོ་གྲབས་བྱེད་ཀྱི་འདུག  གང་ལྟར་ཡང་ཁྱེད་ཚོས་དངོས་གནས་དགའ་སེམས་འཁོལ་བའི་ངང་ནས་ངོས་ལ་འཚམས་འདྲི་དང་བསྟོད་བསྔགས་གནང་བ་རེད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན། “དེ་རིང་འདིར་དམིགས་བསལ་ཞིག་ལ་ཚན་རིག་ཀུན་གཏུས་སྔ་མོ་ལོ་བཅོ་ལྔ་ཉི་ཤུའི་མཚམས་ནས་ང་ཚོས་བསམ་བློ་བཏང་། གྲ་སྒྲིག་བྱས་པ་རེད། བཀའ་འགྱུར་བསྟན་འགྱུར་ནང་ནས་བརྗོད་བྱ་སྡེ་ཚན་གསུམ་དུ་ཕྱེ་ནས་ཚན་རིག་གི་སྡེ་ཚན་གཅིག  ལྟ་གྲུབ་ཀྱི་སྡེ་ཚན་གཅིག དེ་ནས་ཆོས་ཕྱོགས་ཀྱི་སྡེ་ཚན་གཅིག་བཅས་གསུམ་དུ་དབྱེ།  ཆོས་ཕྱོགས་ཀྱི་སྡེ་ཚན་དེ་ནང་པ་ཚོ་དང་འབྲེལ་བ་ཡོད་པ་མ་གཏོགས་སྤྱི་ཡོངས་ཀྱི་འབྲེལ་བ་མེད།  སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་སྐོར། དེ་ནས་གཞི་བདེན་པ་གཉིས་ཟེར་བའི་སྣང་གནས་གཉིས་ཡོད་པ་དེ་འདྲའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་འདི་དེང་སྐབས་  Quantum physics ཚད་རྡུལ་དངོས་ཁམས་རིག་པའི་འགྲེལ་བཤད་རྒྱག་སྟངས་གཅིག་མཚུངས་སུ་སླེབ་བཞིན་ཡོད།  བསྡུར་བ་ཡིན་ན་དཔལ་ན་ལེནྡྲའི་མཁས་པ་ཚོས་ལོ་ཉི་སྟོང་གོང་ནས་འགྲེལ་བཤད་བརྒྱབ་ཡོད་”ཅེས་སོགས་བཀའ་སློབ་བསྩལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 166

Leave a Reply