ལས་དོན་ཙག་ཙིག་མ་འགྲིག་ནས་དོན་གཅོད་འཕོ་འགྱུར་བཏང་བ་མ་རེད་ཅེས་གསུངས་སོང་།

ཟླ་བ་༡༡ ཙམ་རིང་ལ་བཀའ་ཤག་ནས་ཁོ་རང་གི་ཕྱག་ལས་གནང་ཕྱོགས་སྐོར་ལ་ཕྱག་བྲིས་༣ ཙམ་ཞིག་གནང་དགོས་པ་དེ་འདྲ་ཞིག་བྱུང་ཡོད་རེད། དེའི་ནང་ནས་ཕྱག་བྲིས་གསུམ་པ་མཐའ་མ་དེ་བར་ལམ་བརྒྱུད་ལམ་ཁག་ནས་ཐོན་པའི་ཉེན་བརྡ་མཐའ་མ་ཟེར་བ་དེ་རེད་ཅེས་སྲིད་ཚབ་ཀྱིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ དང་༣༠ ཐོག་དྷ་ས་གངས་སྐྱིད་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་སུ། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་སྐོར་ལ་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེའི་ལག་བསྟར་བརྒྱུད་རིམ་གོང་འོག་ནས། ཐོག་མར་ཡར་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ཡོད་པ་དེ་བཞིན་དུ། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་”ཞེས་གསུངས་སོང་།

བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་༣ པའི་ནང་ “བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་”ཞེས་འཁོད་ཡོད་པ་རེད།

ཐོར་མར་སྤེན་པ་ཚེ་རིང་དོན་གཅོད་དུ་བསྐོ་སྐབས། ཁོང་གིས་གསར་འགོད་པའི་དྲི་བའི་ལན་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་མཆོག་ཐུན་མོང་ནས་ཐུགས་ཐག་བཅད་པ་ལྟར། ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་རྒྱུ་ཡིན་པའི་བཀའ་ཕེབས་ཡོད་སྐོར་གསུངས་ཡོད་རེད།

དེ་ཡང་སྲིད་ཚབ་ཀྱིས་གསར་འགོད་པར་གསུང་དོན་དུ། “དེ་རིང་གི་ཐུག་འཕྲད་འདིའི་ཐོག་ནས་རྒྱབ་ལྗོངས་ཀྱི་རྒྱུ་མཚན་གནད་བསྡུས་ཤིག་མར་འགྲེལ་བཤད་ཞུ་རྒྱུ་ཡིན། ད་ལྟའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཁོང་རང་གིས་ཕ་གིར་དངོས་སུ་ཕྱག་ལས་དེ་ན་ནིང་ལོའི་ཕྱི་ཟླ་༨ པའི་ནང་འགན་བཞེས་ནས་ད་ལོའི་ཕྱི་ཟླ་༧ པའི་བར་ཟླ་མཇུག་བར་གྱི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་ཕྱོགས་ཐད། བཀའ་ཤག་གི་ཐོག་ནས་ཐུགས་འཚབ་དང་བཅས་བླངས་དོར་བརྡ་སྟོན་གྱི་ཕྱག་བྲིས་གསུམ་གནང་དགོས་བྱུང་བ་རེད། དེ་ལབ་དུས་ཕལ་ཆེར་ལོ་གཅིག་ཡང་འཁོར་ཡོད་མ་རེད། ཟླ་བ་༡༡ ཙམ་ནང་ལ་བཀའ་ཤག་ནས་ཁོ་རང་གི་ཕྱག་ལས་གནང་ཕྱོགས་སྐོར་ལ་ཕྱག་བྲིས་༣ ཙམ་ཞིག་གནང་དགོས་པ་དེ་འདྲ་ཞིག་བྱུང་ཡོད་རེད། དེའི་ནང་ནས་ཕྱག་བྲིས་གསུམ་པ་མཐའ་མ་དེ་བར་ལམ་བརྒྱུད་ལམ་ཁག་ནས་ཐོན་པའི་ཉེན་བརྡ་མཐའ་མ་ཟེར་བ་དེ་རེད། དེ་དག་ཚང་མ་ཚར་རྗེས་ཀྱི་ཟླ་བ་༣ ལྷག་གི་རིང་ལ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་འདྲ་པོ་གང་ཡང་མེད་པའི་ཐོག་ལ་གནས་སྟངས་རང་འཇགས་སྟེང་མར་འགྲོ་སྡོད་མཁན་ཞིག་བྱས། གལ་སྲིད་དེ་འདྲ་འགྲོ་བསྡད་པ་ཡིན་ན་ཕ་གི་ཧ་ཅང་གལ་ཆེན་པོ་དང་འགངས་ཆེ་བའི་རྒྱལ་ཁབ་དང་ལས་ཀ་ཞིག་གི་ཐོག་ལ་འཐུས་ཤོར་འགྲོ་རྒྱུ་དང་དེར་བཀའ་ཤག་གིས་ཐུགས་འཚབ་སྐྱེ་དགོས་པ་ཞིག་ཡིན་ན། ད་དེ་ཁྱོན་ནས་ཁོ་རང་རང་བཞིན་གྱིས་མ་འགྲིག་པ་ཞིག་ཆགས་ཀྱི་ཡོད་དུས་ཁོ་རང་གི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ཁོ་རང་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་གནང་དགོས་བྱུང་བ་རེད། ཐག་གཅོད་གནང་བ་རེད།”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་“དེ་འདྲའི་ཐག་གཅོད་གནང་བར་གང་འདྲ་རེད་ཟེར། རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད་རེད་ཨ། ཁྲིམས་དང་མཐུན་པ་རེད་པེ། འོས་ཤིང་འཚམ་པ་རེད་པེ་ཟེར་བ་དེ་འདྲ་ཡོད་རེད་ཨ། ད་གིར་ཞུས་པ་བཞིན་སྤྱི་པའི་ལས་དོན་གྱི་ཐོག་ལ་གལ་འགངས་ཧ་ཅང་ཆེན་པོ་ཆགས་པ་ཞིག་བྱས། གནས་སྟངས་དེ་འདྲ་ཞིག་བྱུང་དུས་ལས་འགན་འཕོ་འགྱུར་གཏོང་ཆོག་པ་དང་། གཏོང་དགོས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྒྲིག་གཞི་ཁག་དང་ཡོངས་སུ་མཐུན་པ་ཆགས་ཡོད་པ་མ་ཟད། དེ་འདྲ་བྱས་ཆོག་པའི་འགན་དབང་དང་སྐུ་དབང་ཆ་ཆང་བཀའ་ཤག་ལ་ཡོད་པ། དེ་འདྲའི་གནང་ཚུལ་དེ་སྔོན་མ་ནས་ལམ་སྲོལ་རྒྱུན་འཇགས་ཡོད་པ་དེ་འདྲ་རེད། ཐག་གཅོད་དེ་འདྲ་གནང་བ་དེ་ཁྲིམས་སྒྲིག་དང་ཡོངས་སུ་མཐུན་པ་ཆགས་བསྡད་པ་བྱས། དེ་འདྲའི་ཁྲིམས་སྒྲིག་དེ་ཐོག་མར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེའི་ལག་ལེན་གྱི་བརྒྱུད་རིམ་ག་འདྲ་ཞིག་གི་འོག་ནས་ཁོ་རང་སྐུ་ཚབ་དོན་གཅོད་ལ་ཐོག་མར་བསྐོ་བཞག་བྱས་ཡོད་པའི་བཅའ་ཁྲིམས་དོན་ཚན་དེ་དང་། ལག་བསྟར་བརྒྱུད་རིམ་དེའི་ཐོག་ནས་ད་རེས་ལས་འགན་འཕོ་འགྱུར་གཏོང་ཡ་དེ་ཡང་དེ་ག་རང་གཅིག་པ་གཅིག་རྐྱང་གི་ཐོག་ནས་གནང་བ་ཞིག་རེད། དེ་གསན་འཇོག་མ་ནོར་བ་ཞིག་དགོས་ཀྱི་ཡོད་རེད།”ཅེས་དང་།

ཡང་ཁོང་གིས་ཨ་རིའི་དོན་གཅོད་ལས་ཐོག་པ་སྤེན་པ་ཚེ་རིང་གི་སྐོར་ལ་བརྗོད་དོན་དུ་“སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཁོ་རང་ཐོག་མར་དེའི་སྔོན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཕྱག་ལས་ཀྱི་འགན་འཁུར་བཞེས་པའི་སྐབས་ལ་བཀའ་ཤག་དང་ང་ཚོ་ཚང་མའི་ངོས་ནས་ཁོ་རང་གི་ཕྱག་ལས་གནང་ཕྱོགས་ལ་ངོས་འཛིན་ཞུས་དང་ཞུ་བཞིན་པ་རེད། ཡིན་ན་ཡང་། སྟབས་མ་ལེགས་པ་ཞིག་ལ་ཁོ་རང་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་ཀྱི་ལས་འགན་གནང་ཕྱོགས་དེ་སྔོན་མ་ཚོགས་གཙོའི་ཕྱག་ལས་གནང་ཕྱོགས་དང་ཁྱོན་ནས་མ་མཚུངས་པ་ཞིག་ཆགས་ནས། སྟབས་མ་ལེགས་པ་ཞིག་ལ་དེ་འདྲ་བྱུང་བ་རེད། དེ་ལ་བརྟེན་ནས་ཐག་གཅོད་འདི་བྱུང་བ་རེད། ད་ཡིན་ན་ཡང་ད་ལྟ་མུ་མཐུད་སྤྱི་སྒེར་གང་གི་ཐོག་ལ་ཕྱག་ལས་གང་འདྲ་ཞིག་གནང་ན་དེ་དག་གེགས་མེད་ལམ་ལྷོངས་ཡོང་བའི་ང་ཚོས་ཡིད་ཆེས་དང་རེ་བ་ཞུ་ཡི་ཡོད།”ཅེས་དང་།

ཡང་ཁོང་གིས་དོན་གཅོད་གསར་པ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གི་སྐོར་ལ་བརྗོད་དོན་དུ།“བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་དེ་སྐུ་ངོ་ཤེས་རིག་བཀའ་བློན་ལས་ཐོག་དངོས་གྲུབ་ཚེ་རིང་ལགས་བསྐོ་བཞག་གནང་ཡོད་རེད། དེ་བསྐོ་བཞག་དེ་གསལ་བསྒྲགས་བཏང་ཚར་རེད་ལ། དེ་ལ་འགྱུར་བ་གང་ཡང་ཡོང་གི་མ་རེད། མཐའ་མའི་ཐག་གཅོད་གནང་ཟིན་པ་རེད། སྐུ་ངོ་དངོས་གྲུབ་ཚེ་རིང་ལགས་ཕ་གི་བྱང་རིའི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་དེ་དག་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རེ་དང་། བཀའ་ཤག་གི་རེ་བ་ནང་བཞིན་ཆ་ཚང་ཞིག་ཡོང་ཐུབ་པར་ང་ཚོས་ཡིད་ཆེས་དང་གདེང་ཚོད་གཉིས་ཀ་ཡོད། བཀའ་ཤག་དང་བཀའ་བློན་ལས་རོགས་ཚང་མའི་ངོས་ནས་ཁོ་རང་བྱ་བ་ལམ་ལྷོངས་ཡོང་བའི་ཡིད་ཆེས་དང་སྨོན་ལམ་ཞུ་ཡ་ཡིན། དེ་དང་ཆབས་ཅིག་བྱང་ཨ་རིའི་ཁུལ་ལ་ང་རང་ཚོ་བོད་རིགས་ཕོན་ཆེན་པོ་ཡོད་རེད། དེ་ཚོའི་ངོས་ནས་ཀྱང་ཨ་རིའི་སྐུ་ཚབ་དོན་གཙོད་གསར་པའི་ཕྱག་ལས་གནང་ཕྱོགས་གང་ས་ཅི་ཐད་ལ་མཐུན་འགྱུར་གནང་བ་དང་། གཞོག་འདེགས་གནང་རྒྱུ་ལ་གང་གཟབ་གཟབ་གནང་རོགས་ཞེས་ཞུ་རྒྱུ་ཡིན།”གསུངས་སོང་།

མཇུག་ཏུ་གསར་འགོད་པ་ཞིག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་ལ་ཉེན་བརྡའི་ཕྱག་བྲིས་ཐེངས་གསུམ་བཏང་ཡོད་རེད་ཟེར། ནོར་འཁྲུལ་ཞིག་ཏན་ཏན་ཤོར་ཡོད་ཀྱི་རེད། ནོར་འཁྲུལ་ག་རེ་ཤོར་ཡོད་ན་དཔེ་མཚོན་འདྲ་པོ་གསུང་རོགས་ཞེས་དྲིས་པར། “ད་དེ་ཚོའི་ཐོག་འཛིན་སྐྱོང་རང་གི་ལས་ཀ་ཡིན་སྟབས་གསར་འགོད་ཐོག་ལ་ཐེར་འདོན་བྱས་ནས་བཤད་ན་ཡག་པོ་ཁྱོན་ནས་ཡོད་མ་རེད། དེ་རིང་འགྲེལ་བཤད་ཞུ་རྒྱུ་མིན། ནང་གི་གནས་ཚུལ་ནང་རང་ལ་འཇོག་གི་ཡིན། དེ་དག་བཤད་རྒྱུའི་ལུགས་སྲོལ་ཡང་ཡོད་མ་རེད། ཞུས་ན་ཡག་པོ་ཡང་ཡོད་མ་རེད། དོན་དག་གཙོ་བོ་དེ་ག་རང་རེད། ཙག་ཙིག་རིགས་ཁ་ཤས་བྱུང་ཡོད་ན་དེ་འདྲ་རང་ལ་བརྟེན་ནས་འདི་འདྲ་རྩ་བ་རང་ནས་མ་རེད། གནས་ཚུལ་གང་ལ་གང་འཚམ་ཞིག་བྱུང་། དེ་ཚོའི་ཐོག་ནས་ཡར་བྱ་སྤུ་གནོན་གྱི་སྒྲིག་འཛུགས་དང་བྱེད་སྒོ་དེ་དག་ཚུལ་བཞིན་ཡོང་གི་མེད་པའི་བཟོ་འདྲ་ཞིག་གི་གནས་སྟངས་ཤིག་ཐོན། མར་བཀའ་ཤག་ལ་སོགས་པ་དང་། ཕྱི་དྲིལ་བཀའ་བློན་དང་ཕྱི་དྲིལ་ལས་ཁུངས་ཀྱིས་ཡིད་ཆེས་བློས་འགེལ་དེ་དག་ཚང་མ་ཡོང་གི་མེད་པའི་རྣམ་པ་དང་གནས་ཚུལ་མང་པོ་ཞིག་ཐོན་ཡོང་བའི་བཟོ་འདྲ་བྱེད་ཀྱི་ཡོད་རེད། ཡི་གེ་བཏང་བའི་དོན་ཚན་རེ་རེ་ལ་བརྟེན་ནས་མ་འགྲིག་པ་རེད་དམ། དེ་ཚོ་བསྡོམས་པས་མ་འགྲིག་པ་རེད་ཟེར་རྒྱུ་ཡོད་མ་རེད། དེ་ཚོའི་ཐོག་ནས་ག་རེ་བསྟན་གྱི་ཡོད་རེད་ཟེར་ན། ཕྱག་ལས་གནང་ཕྱོགས་དེ་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ནང་བཞིན་ཡོང་གི་མེད་པ་དང་། ཕ་གིར་འཐུས་ཤོར་འགྲོ་རྒྱུ་ཉེན་ཁ་ཡོད་པ། འགན་བཞེས་མཁན་སྐུ་ཚབ་དོན་གཅོད་ཟེར་དུས་བཀའ་ཤག་དང་སྐུ་ངོ་སྲིད་སྐྱོང་ཙམ་མ་རེད། ༧སྐྱབས་མགོན་རིན་པོ་ཆེའི་མཚན་འབྱར་ཡོད་རེད། དེ་ཚོ་དང་འབྲེལ་བའི་ཐོག་ནས་མར་ཡིད་ཆེས་བློ་འགེལ་གང་ཙམ་བྱས་པ་དེ་འདྲའི་གནས་སྟངས་མང་པོ་ཞིག་གི་མཚོན་རྟགས་མང་པོ་ཞིག་ཐོན་ཡོང་གི་ཡོད་དུས། དེ་འདྲ་ལ་བརྟེན་ནས་ཐག་གཅོད་འདི་བྱེད་དགོས་བྱུང་བ་རེད་མ་གཏོགས། འཛིན་སྐྱོང་གི་གནས་ཚུལ་གང་དང་གང་ཡོད་པ་རེ་རེ་མ་འགྲིག་པའི་ཐོག་ནས་བཀའ་ཆད་གཏོང་བཞག་པ་དེ་འདྲ་རྩ་བ་ནས་མ་རེད་ཞུ་ཡ་ཡིན་”ཞེས་གསུངས་སོང་། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
དོན་གཅོད་སྤེན་པ་ཚེ་རིང་གིས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱི་དྲ་འབྲེལ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1296

Leave a Reply