ལས་མཚམས་འཇོག་རྒྱུར་ངོས་ལེན་ལས་ནོར་འཁྲུལ་ངོས་ལེན་མེད་ཅེས་གསུངས་སོང་།

ཟླ་འདིའི་ཚེས་༥ ཉིན་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ། དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ཁོང་གིས་བཀའ་ཤག་གིས་ཐུགས་རེ་བཞིན་གནང་མ་སོང་གསུངས་ནའང་། ཐུགས་རེ་གང་ཡིན་ད་སྔ་བར་བཀའ་ཤག་ནས་ཡིག་ངག་གཉིས་ཐོག་ནས་རག་མེད་སྐོར་དང་། ཁོང་དོན་གཅོད་ལ་བསྐོས་ནས་དངུལ་གྱི་རིགས་ལག་པ་འཆང་མ་བཅུག་པ། དཔོན་རིགས་ལ་ཐུག་ཐབས་བྱས་མ་སོང་གསུངས་སའི་དཔོན་རིགས་དེ་ཚོར་ད་སྔ་བར་༧གོང་ས་མཆོག་ཕེབས་མེད་ན། སུ་ཡང་ཐུག་ཐུབ་མེད་སྐོར། ཨ་སྒོར་གྱི་གླེང་རྙོག་དེ་སྒེར་གྱི་དངུལ་ཁུག་ནང་སོང་བ་ཞིག་མིན་སྐོར་སོགས་གསུངས་སོང་།

དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་འགྲེལ་བརྗོད་གནང་དོན། “ང་བྱང་ཨ་རིའི་དོན་གཅོད་ཀྱི་ལས་དོན་མཚམས་འཇོག་དང་འབྲེལ་ནས་སྤྱི་ཚོགས་ནང་གླེང་སློང་ཞེ་དྲག་བྱུང་ཡོད་པ་རེད། ང་ལ་ལས་དོན་མཚམས་འཇོག་བྱེད་དགོས་པའི་བཀའ་ཡིག་དེ་འབྱོར་བའི་སྐབས། ཁ་པར་མང་པོ་ཞིག་འབྱོར་ཡོང་དུས་སྤྱི་ཚོགས་ནང་ཟང་ཟིང་ཐེབས་ས་རེད་བསམ་ནས། དེ་འདྲ་མི་ཡོང་ཆེད་མང་ཚོགས་ལ་གོ་བསྐོན་སློབ་གསོ་ག་རེ་དགོས་པ་དེ་བྱས་པ་ཡིན་ལ། དེ་དང་མཉམ་དུ་སོ་སོའི་དམ་བཅའ་བཀའ་ཤག་གིས་དེའི་ཐོག་འགྲེལ་བཤད་ལོག་ཀ་མ་བསྐྱོན་ན། ང་རང་ཁུ་སུམ་མེར་ལས་ཀ་བཞག་ནས་འགྲོ་རྩིས་ཡིན་”ཞེས་གསུངས་པ་དང་། རྗེས་སུ་སྲིད་ཚབ་ཀྱིས་གསར་འགོད་པར་ཐུག་སྐབས་གསུངས་པ་དང་། འཕོ་འགྱུར་དགོས་པའི་ཡིག་ཆ་དོན་ཚན་བཅུ་ཅན་ཞིག་བཏོན་པ། སྲིད་སྐྱོང་གིས་མང་ཚོགས་ནང་འགྲེལ་བཤད་བརྒྱབ་པ་བཅས་ལ་བརྟེན་ནས། ཁོང་གིས་གསལ་བཤད་བྱེད་དགོས་བྱུང་སྐོར་གསུང་དོན། “ངས་ནོར་འཁྲུལ་གང་ཡང་བྱས་མེད་ནའང་། ངའི་མི་ཚེ་ནག་པོ་བཟོ་རྒྱུའི་ཐབས་ཤེས་གནང་གི་འདུག བཀའ་ཤག་གི་དོན་ཚན་བཅུ་དེ་དོན་ཚན་གསུམ་ནང་བསྡུས་ན། གཅིག་དེ་ཡིད་ཆེས་བློ་འགེལ་བྱེད་མ་ཐུབ་པ་དེ་དང་། གཉིས་པ་བཀའ་ཤག་གི་ཐུགས་རེའི་ལྟར་ལས་དོན་བྱས་མ་སོང་ཟེར་བ་དེ་རེད། གསུམ་པ་བྱ་སྤུ་གནོན་གྱི་གོང་བཀུར་བྱས་མ་སོང་ཟེར་བ་དེ་རེད་”ཅེས་དོན་ཚན་རེ་རེ་བཞིན་ལན་བརྒྱབ་ཡོད་པས་མང་ཚོགས་ཀྱིས་དཔྱད་ཞིབ་གནང་རོགས་ཞེས་གསུངས་སོང་།

ཁོང་གིས་ཨ་རིའི་ཐེབས་རྩ་དང་འབྲེལ་བའི་དངུལ་གྱི་སྐོར་གསལ་བཤད་ཡིག་ཆ་ནང་འཁོད་དོན། “ངའི་ངོས་ནས་ཨ་རི་བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེའི་ཉེན་ཁ་ངོས་ཟིན་པའི་ཐོག་ནས་བརྒྱུད་ལམ་ཁག་དང་མང་ཚོགས་ལ་དེའི་སྐོར་གླེང་སློང་བྱས་མེད་ཀྱང་། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཟེར་བ་དེའི་ནང་དང་། སྲིད་སྐྱོང་མཆོག་གིས་ཊོ་རོན་ཊོར་གནད་དོན་དེའི་སྐོར་རྒྱས་བཤད་མཛད་པ་དེ་ཡུལ་ཁྲིམས་དང་དངུལ་རྩིས་འགྲོ་སྟངས་ཀྱི་ཆ་ནས་དོན་གཅོད་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་ལ་དཀའ་རྙོག་འཕྲད་ཉེན་ཆེན་པོ་ཡིན་པ་མཁྱེན་རྟོགས་ཡོད་ཀྱང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐད་གསེང་མཐོན་པོས་འགྲེལ་བཤད་གནང་བར་བརྟེན། ད་ཆ་ང་རང་གིས་དངོས་དོན་གསལ་བཤད་མི་བྱེད་ཀ་མེད་ཡིན་པས། གནད་དོན་དེའི་ཐོག་མཇུག་འབྲས་ཇི་བྱུང་གི་འགན་ཁུར་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཀའ་ཤག་ནས་བཞེས་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག

དོན་གཅོད་འཕོ་འགྱུར་སྐོར་འཁོད་དོན། “བཀའ་ཤག་ལ་དོན་གཅོད་འཕོ་ལེན་གྱི་སྐུ་དབང་ཡོད་མེད་ཐོག་རྩོད་སློང་བྱེད་ཀྱི་མེད། ཡིན་ནའང་། འཕོ་ལེན་གྱི་སྐུ་དབང་ཁྱབ་བསྒྱུར་གནང་སྟངས་དང་། ཐག་གཅོད་དེའི་རྒྱུ་མཚན་ཡང་དག་ཡིན་མིན། ཐག་གཅོད་ཀྱི་བརྒྱུད་རིམ་ཁྲིམས་མཐུན་ཡིན་མིན་ཐོག་མང་ཚོགས་ནང་དོགས་སློང་ཡོང་བཞིན་པ་ལྟར།  དྲི་བ་འདི་དག་དགོས་གལ་བྱུང་ན་བརྒྱུད་ལམ་གཞན་གྱི་ཐོག་ནས་གཙང་བཟོ་བྱ་རྒྱུ་ཡིན་”འཁོད་འདུག

བཀའ་ཤག་གི་གསལ་བཤད་དང་འབྲེལ་ནས་འཁོད་དོན། “དོན་ཚན་བཅུ་ཟེར་བ་དེའི་ནང་དོན་གྲུབ་སྟངས་ཀྱི་ཐོག་ནས་བལྟས་ན། དོན་ཚན་དང་པོ་དང་བཅུ་པ་གཉིས་ནི་སྔོན་གླེང་དང་སྤྱི་སྡོམ་ཙམ་དང་། དོན་ཚན་གསུམ་པ་དང་བཞི་པ་གཉིས་དེ་སྔ་ཕྱི་འབྲེལ་ལས་ཁུངས་བརྒྱུད་བླང་དོར་བརྡ་སྟོན་གྱི་ཡི་གེ་གཉིས་བཏང་ཡོད་གསུངས་པ་དེ་རེད། དོན་ཚན་གཉིས་པ་དང་།  ལྔ་པ། དྲུག་པ།  བདུན་པ་བཅས་ནི་དེ་སྔ་ནོར་འཛོལ་ཡིན་པ་ཡིག་ངག་གཉིས་ཐོག་ནས་གསུངས་མྱོང་མེད་པའི་བསམ་བཏང་དྲན་སྐྱེས་ཀྱི་དོན་ཚན་བཞི་ཡིན་པ་དང་།  དོན་ཚན་བརྒྱད་པ་ནི་ ༢༠༡༧ ཟླ་བ་ ༧ ཚེས་ ༢༥ འཁོད་པའི་ཉེན་བརྡ་མཐའ་མ་ཟེར་བ་དེ་ཡིན་ཞིང་།  དོན་ཚན་དགུ་པ་དེ་སྲང་ལམ་ནང་གི་སྐད་ཆ་བསྒྲུགས་ཏེ་དོན་ཚན་བཅུ་ཚང་ཆེད་ཁ་སྐོང་བྱས་པའི་དོན་ཚན་ཞིག་ཡིན་”ཞེས་དང་། “དོན་ཚན་གཉིས་པ་ནས་བདུན་པའི་སྐྱོན་འཛུགས་དེ་དག་ཟླ་བ་ ༧ ཚེས་ ༢༥ སྔོན་ལ་བྱུང་ཟིན་པའི་གནས་ཚུལ་ཤ་སྟག་ཡིན་ལ།  གལ་སྲིད་བཀའ་ཤག་གིས་དོན་ཚན་གཉིས་པ་ནས་བདུན་པ་བར་གྱི་གནས་ཚུལ་རྣམས་ཉེས་འཛོལ་ལ་ངོས་འཛིན་ཞུས་ཡོད་ན།  ཉེན་བརྡ་མཐའ་མ་ཟེར་བ་དེའི་ནང་གོང་གསལ་དོན་ཚན་དྲུག་པོ་དེ་དག་འཁོད་མི་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་”ཞེས་འཁོད་འདུག

ཨ་རིའི་རོགས་དངུལ་འཚོལ་སྟངས་དང་འབྲེལ་ནས་འཁོད་དོན། “ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་  ༢༡ ཉིན་གུས་པ་ལྡི་ལི་དོན་ཁང་དུ་སྲིད་སྐྱོང་སར་བཅར་ཏེ་ལམ་སྟོན་ཞུས་ཤིང་།  སྐབས་དེར་གུས་པས་སྲིད་སྐྱོང་མཆོག་ལ་ཨ་རི་གཞུང་གི་རོགས་དངུལ་དང་འབྲེལ་བའི་སྐོར་དོན་གཅོད་ཁང་ནས་མཇུག་སྐྱོང་བྱེད་དགོས་ཇི་ཡོད་དགོངས་སྐོར་ཞུས་པར། གང་ཡང་ཡོད་མ་རེད་ཅེས་གསུངས་བྱུང་།  དོན་གཅོད་སྔོན་མའི་སྐབས་སུ་ PRM དང་། USAID རོགས་སྐྱོར་ལས་གཞིའི་རོགས་དངུལ་གྱི་འགན་ཆ་ཚང་དོན་གཅོད་ནས་བཞེས་ཀྱི་ཡོད་ཀྱང་།  གུས་པར་དེའི་ཐོག་འབྲེལ་མེད་བཟོས་སོང་། འདི་ནི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ང་ལ་ཡིད་ཆེས་གནང་གི་མེད་པའི་མངོན་རྟགས་ཐོག་མ་དེ་ཡིན་”འཁོད་འདུག

དོན་གཅོད་ལས་བྱེད་ནིའུ་ཡོག་ཏུ་བསྐོས་སྐོར་དང་འབྲེལ་འཁོད་དོན། “དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ནིའུ་ཡོག་ཏུ་འཇོག་རྒྱུ་ཡིན་སྐོར་མང་ཚོགས་ལ་གསལ་བསྒྲགས་བྱས་འདུག་ཟེར་བའི་བཀའ་ཡིག་(ཡིག་ཆ་ཨང་ ༣) དེ། གུས་པས་དོན་གཅོད་ཀྱི་འགན་འཁྱེར་ནས་ཟླ་བ་གཉིས་མ་སོང་སྔོན་ཏེ། ༢༠༡༦ ཟླ་བ་ ༡༠ ཚེས་ ༡༦ ཉིན་ནིའུ་ཡོག་དང་ནིའུ་འཇར་སི་མི་མང་ལ་དོན་ཁང་གི་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་དང་འབྲེལ་ནས་གཏམ་བཤད་བྱེད་སྐབས། ཚོགས་ཞུགས་པའི་དྲི་བ་ཞིག་ལ་ང་ཚོའི་བསམ་བློར་གང་ཡོད་སྐོར་ཞུས་པ་ཡིན། ཡིན་ནའང་ཕྱི་འབྲེལ་ལས་ཁུངས་ཀྱི་བཀའ་འཁྲོལ་ཐོབ་དགོས་ཀྱི་ཡོད་པའི་སྐོར་ནན་ཏན་གྱིས་ཞུས་ཡོད།  ལས་ཁུངས་ཀྱི་མ་འོངས་བྱེད་འཆར་སྐོར་བཤད་ཆོག་གི་མེད་གསུང་གི་ཡོད་ན། ལས་བྱེད་སུས་ཀྱང་དེ་ལྟར་བཤད་མི་ཆོག་པའི་རྩ་འཛིན་བཀོད་ཁྱབ་གནང་དགོས་”ཞེས་གསུངས་སོང་།

“སྲིད་སྐྱོང་མཆོག་གིས་གུས་པར་ཡིད་ཆེས་འཕེར་མིན་གྱི་འགྲེལ་བཤད་བསྐྱོན་གྱི་ཡོད་ཀྱང་།  ༢༠༡༧ ཟླ་ ༡༠ ཚེས་༡༡ ཉིན་རྡ་སར་དོན་གཅོད་ཚོགས་འདུའི་སྐབས། གུས་པས་སྲིད་སྐྱོང་མཆོག་གི་གནང་ལུགས་ཁག་ལ་འགྲེལ་བརྗོད་དང་དུས་མཚུངས་སུ་ང་ཚོར་ཡིད་ཆེས་གནང་རོགས་གནང་ཞེས་སྦ་གསང་མེད་པའི་འབོད་སྐུལ་ཞུས་པའི་བཀའ་ལན་དུ། གུས་པས་བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་རྩིས་ཞིབ་ལ་ཞུས་པ་རྒྱུ་མཚན་དུ་དྲངས་ཏེ། སྲིད་སྐྱོང་མཆོག་གི་ངོས་ནས་ཡིད་ཆེས་གནང་ཐུབ་ཀྱི་མེད་པའི་སྒྲུབ་བྱེད་དུ་གསུངས་སོང་”ཞེས་འཁོད་འདུག

“ངས་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་དཔལ་ལྡན་བཀའ་ཤག་གིས་ཡིད་ཆེས་གནང་མ་ཐུབ་པ་ཆགས་པ་རེད་དམ། ཡང་ན་དཔལ་ལྡན་སྲིད་སྐྱོང་དང་ཁོང་གིས་དབུ་ཁྲིད་པའི་བཀའ་ཤག་གིས་གུས་པ་སྦེལ་ཇེམ་དོན་གཅོད་ནས་ཨ་རི་དོན་གཅོད་དུ་བསྐོ་གཞག་འགྱུར་བ་ཕྱིན་པ་ནས་བཟུང་ཡིད་ཆེས་མི་གནང་རྒྱུའི་ཐག་གཅོད་གནང་ཡོད་མེད་གོང་གསལ་གནང་སྟངས་ཁག་ལས་རྟོགས་ཐུབ་”ཅེས་འཁོད་འདུག
“ཨ་རི་གྲོས་ཚོགས་གོང་འོག་གཉིས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་མཉམ་ལས་ཀྱིས་འབྲེལ་བ་གང་ལེགས་བྱེད་ཐུབ་ཡོད་པའི་སྐོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་བྱེད་ཟུར་པ་(Todd Stein) ལགས་ནས་བསྡོམས་བརྒྱབ་འདུག་པ་ལ་གཟིགས་ན་གསལ་པོར་མཁྱེན་རྒྱུ་ཡིན་”ཞེས་ཡིག་ཆ་བཀྲམ་ཡོད་པ་རེད།
གསལ་བཤད་ཡིག་ཆའི་ནང་“མདོར་ན། གོང་གི་གསལ་བཤད་ཁག་ལ་ཞིབ་ཅིང་དཔྱད་ན། བཀའ་ཤག་གི་ཐུགས་རེ་ལྟར་ལས་དོན་སྒྲུབ་མ་ཐུབ་པ་ཟེར་བའི་ཐུགས་རེ་དེ་ག་རེ་ཡིན་མིན་ཞུ་ཚོད་མི་ཐིག་པ་མ་གཏོགས། དོན་གཅོད་ཀྱི་རང་འཁྲིིའི་ལས་འགན་རྣམས་འབད་འབུངས་ཁུར་བརྩོན་ཆེ་བསྐྱེད་ཞུས་ཡོད་པ་ལས། ལས་དོན་སྒྲུབ་མ་ཐུབ་པའམ། འཐུས་ཤོར་བཏང་བ་གང་ཡང་མེད་དོ།”ཞེས་འཁོད་འདུག
དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལ། འདི་གའི་གསར་འགོད་པས། དོན་གཅོད་བསྐོ་བཞག་དེ་དགའ་ལྡན་ཕོ་བྲང་དང་བཀའ་ཤག་གྲོས་བསྡུར་ཐོག་ནས་བསྐོ་ཡི་ཡོད་པ་དེ་ད་ལྟ་ཡོངས་གྲགས་རེད་ལ། སྐུ་ཉིད་ཀྱིས་ཀྱང་ཁྱེད་༧གོང་ས་མཆོག་དང་སྲིད་སྐྱོང་གིས་དོན་གཅོད་ལ་བསྐོས་ཡིན་གསུངས་ཡོད་པ་རེད། ད་ལྟ་བཀའ་ཤག་གིས་ཡར་བསྐོ་སྟངས་བཞིན་མར་འཕོ་འགྱུར་ཡང་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་འོག་ནས་བྱས་ཡིན་གསུངས་ཡོད་རེད། ད་ལྟ་སྲིད་སྐྱོང་གིས་སྒེར་གཅོད་རེད་ཟེར་གྱི་ཡོད་པས། སྐུ་ཉིད་འཕོ་འགྱུར་དེ་ཡར་དགོངས་སྐོར་མ་ཞུས་ནས་གནང་བ་རེད་གསུང་གི་ཡོད་རེད་དམ། དེ་བཀའ་ཤག་ལ་དྲིས་ཀྱང་ལན་རག་མ་སོང་། དེའི་ཐོག་དགོངས་ཚུལ་གང་ཡོད་དྲིས་པར། ཁོང་གིས། “ང་བསྐོ་སྟངས་སྐོར་དེའི་སྔོན་དུ་ལབ་ཡོད། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་གསུམ་པ་བཟོ་བའི་སྐབས། ང་སྤྱི་འཐུས་ཚོགས་གཙོ་དང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་རེད། ༧རྒྱལ་བ་རིན་པོ་ཆེ་མཇལ་ཁའི་སྐབས་ཁོང་གིས་ངས་དབང་ཆ་རྩིས་སྤྲད་ཟིན་ནའང་། ཡང་དོན་ཚོན་འདི་བཞག་འདུག་གསུངས་སོང་། ཕྱི་ཉིན་དམིགས་བསལ་ཚོགས་ཆེན་སྐབས་ཁོང་གི་མཚན་གཡར་ཆོག་གསུངས་པ་རེད་”ཅེས་ད་ལྟ་དོན་གཅོད་ཁག་༧གོང་ས་མཆོག་གི་མཚན་ཐོག་ཏུ་ཡོད་པས་དཀའ་ངལ་བྱུང་སྐོར་གསུངས་སོང་ལ། ཁོང་གིས་མུ་མཐུད་གསུང་དོན། “གང་ལྟར་ད་ལྟའི་སྐབས་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མིང་ལྷག་བསྡད་ཡོད་པས། དོན་གཅོད་བསྐོ་སྐབས་ཏན་ཏན་བཀའ་ཤག་གིས་༧གོང་ས་མཆོག་ལ་གོ་བསྡུར་གནང་གི་ཡོད་ཀྱི་རེད་བསམ་གྱི་ཡོད། ཡར་ག་འདྲ་བསྐོས་ན་མར་དེ་འདྲ་འཐེན་ཡོད་གསུངས་དུས། དངོས་གནས་བྱས་ན་བར་ལམ་འགྱུར་བ་སོང་མེད་འགྲོ་བསམ་སོང་། ཕྱི་ཟླ་༩ པའི་གྲོས་ཚོགས་ནང་སྲིད་སྐྱོང་གིས་སྤོབས་པ་ཆེན་པོས་མར་འཐེན་ཡ་བཀའ་ཤག་ནས་འཐེན་གི་རེད་གསུངས་སོང་། དེའི་སྐབས་དབང་ཆ་དེ་ཆ་ཚང་བཀའ་ཤག་བསྣམས་འདུག ཡར་གོ་བསྡུར་དགོས་ཀྱི་ཡོད་ས་མ་རེད་དྲན་སོང་། ཡིན་ནའང་ཡར་ཞུས་ཡོད་མེད་ངས་ཤེས་ཡི་མ་རེད། ཞུས་ཡོད་ནའང་ག་འདྲ་ཞུས་ཡོད་རེད། ད་ལྟའི་དོན་ཚན་བཅུ་དེ་ནང་བཞིན་ཞུས་ཡོད་རེད་པེ། དངོས་ཡོད་གནས་ཚུལ་ཞུས་ཡོད་དམ། དེ་ངས་ཤེས་ཀྱི་མ་རེད་”ཅེས་གསུངས་སོང་།

བར་ལམ་ནས་དོན་གཅོད་ཀྱི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་དེ་གླེང་གི་ཡོད་པས། སྤྱི་ཚོགས་ནང་ལྐོགས་ཟ་རུལ་སུངས་ཀྱང་ཟེར་གྱི་ཡོད་པ་རེད། དངུལ་དེ་གང་ལ་བཏང་ཡོད་གསལ་པོ་ཡོད་པ་རེད་དམ། གཉིས་ནས་དེ་བུ་ལོན་ཡིན་མིན་སྐོར་དེ་གནད་དོན་གཅིག་རེད། སྲིད་སྐྱོང་གིས་དེ་བུ་ལོན་མིན་གསུང་གི་ཡོད་པས། དེ་བུ་ལོན་ཆགས་སྟངས་དང་བོད་ཀྱི་ཐེབས་རྩའི་ཡིག་ཆ་དེ་ཚོ་ག་འདྲ་བྱུང་སྐོར་ངོ་སྤྲོད་གནང་རོགས་ཞུས་པར། ཁོང་གིས་གསུང་དོན། “ངས་ད་ལྟ་བར་ལྐོགས་ཟ་རུལ་སུངས་ཀྱི་ཚིག་དེ་བེད་སྤྱོད་བཏང་མེད། ངས་བརྒྱུད་སྐུལ་བྱས་ཡོད་ན་ཟེར་གྱི་ཡོད་རེད་དེ། ང་ལ་ནི་དེ་འདྲའི་དུས་ཚོད་ཀྱང་མེད། ཕྱི་ཟླ་༨ ཚེས་༢༩ ཉིན་སྐལ་རྡོར་གྱིས་ང་ལ་རྩིས་སྤྲོད་སྐབས། ས་ཡ་གཅིག་དང་འབུམ་གསུམ་དགའ་ལྡན་ཕོ་བྲང་ནས་རག་སོང་། ས་ཡ་གཅིག་དང་ཕྱེད་ཀ་བོད་ཀྱི་ཐེབས་རྩ་ནས་རག་སོང་། ཁང་པ་ལ་ས་ཡ་དྲུག་དང་ཕྱེད་ཀ་རེད་གསུངས་སོང་། དེའི་ནང་ནས་ས་ཡ་གཉིས་ལྷག་པ་དེ་རྩིས་ནང་ཁྱེར་ཡོད་དུས། མི་སྒེར་གྱི་དངུལ་ཁུག་ནང་སོང་མེད་པ་གསལ་པོ་གསལ་རྐྱང་རེད།  ངས་ག་རེ་ཞུ་ཡི་ཡོད་པ་རེད་ཟེར་ན། ཨ་རིའི་ཁྲིམས་ཐོག་ནས་གན་ཡིག་ཅིག་འདུག དེའི་ཐོག་བུ་ལོན་གསལ་ཡོད་པ་དང་། བོད་ཀྱི་ཐེབས་རྩའི་རྩིས་ཁྲའི་ནང་ཡོང་བསྡད་ས་ཡ་གཅིག་དང་ཕྱེད་ཀ་གསལ་ཡོད་པ། བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་འགན་འཛིན་ལྷན་ཚོགས་ནང་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་ལེན་ཆོག་པའི་བཀའ་ཁྲོལ་ཞུས་འདུག འདིར་དྷ་སར་ཡིན་ན་ངས་ཞེ་དྲག་ཆེན་པོ་རྩི་ཡི་མེད། ས་ཡ་གཉིས་དང་འབུམ་བརྒྱད་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་ཡོད་རེད། དེ་ཚོ་ངས་སྐད་ཆ་འདྲི་ཡི་མེད། ད་ལྟ་བུ་ལོན་མ་རེད་ཟེར་གྱི་ཡོད་རེད། བུ་ལོན་མ་རེད་ཟེར་བ་དང་དངུལ་ཕར་སློག་དགོས་མ་རེད་ཟེར་བ་གཉིས་ལ་ཁྱད་པར་ཞེ་དྲག་ཡོད་རེད། སྲིད་སྐྱོང་གིས་དངུལ་སློག་དགོས་མ་རེད་གསུངས་པ་དང་ངས་སློག་དགོས་རེད་ཟེར་གྱི་ཡོད་པ་མ་རེད། བུ་ལོན་མིན་ན་གན་རྒྱ་དེ་ག་རེ་རེད། དེའི་ཐོག་ས་ཡིག་སུས་བརྒྱབ་ཡོད་རེད། བོད་ཀྱི་ཐེབས་རྩའི་རྩིས་ཁྲ་ནང་ས་ཡ་གཅིག་དང་ཕྱེད་ཀ་ཡོང་བསྡད་དེ་ག་རེ་བྱས་ནས་གསལ་རེད། ང་ཚོས་ཡུལ་ཁྲིམས་སྲུང་དགོས་རེད་ཟེར་དུས། ཨ་རིའི་ཁྲིམས་ནང་ང་ཚོའི་རྩིས་ཁྲའི་ནང་སྤྲོད་བསྡད་གསལ་དགོས་པ་མ་རེད་པེ་ལབ་པ་ལས་ངས་གང་ཡང་ཟེར་གྱི་ཡོད་པ་མ་རེད་”ཅེས་གསུངས་སོང་།

ཁྱེད་ཀྱིས་ངོ་དེབ་སྒོ་བརྒྱབ་སོང་། ཆེད་དུ་སྤྱི་ཚོགས་ནང་ཐོན་འཇུག་གི་མེད་སྐོར་གསུངས་པས། དེ་སུས་བྱེད་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་དྲིས་པར། ཁོང་གིས། སྔོན་མ་ངོ་དེབ་བེད་སྤྱོད་གཏོང་གི་མེད་སྐོར་དང་ཁ་ཉིན་གཅིག་བཟོས་པ་དེ་སྒོ་བརྒྱབ་སྐོར། ཁ་སང་གཅིག་བཟོས་པ་དེ་རིང་སྒོ་བརྒྱབ་ཡོད་པས། ངོ་དེབ་ཚོང་ལས་ཁང་གིས་སྒོ་རྒྱག་དགོས་པའི་གནད་དོན་ཁོང་གིས་གང་ཡང་བཏང་མེད་སྐོར་དང་། གང་ལྟར་ཁག་ཅིག་གིས་ཆེད་དུ་ངའི་སྐད་ཆ་ངོ་དེབ་བརྒྱུད་ནས་མང་ཚོགས་ནང་འགྲོ་མི་འཇུག་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་གསུངས་སོང་ལ། དེ་ཡང་སྲིད་སྐྱོང་གིས་བརྒྱུད་སྐུལ་བྱས་པ་རེད་ཁོང་གིས་གསུང་གི་མེད་སྐོར་གསལ་བཤད་གནང་སོང་།

ཁྱེད་ཀྱི་རྒྱབ་སྐྱོར་བས་བཀའ་ཤག་ལ་ངོ་རྒོལ་ལས་འགུལ་ཐེངས་ཁ་ཤས་སྤེལ་བ་དང་། དོན་གཅོད་གསར་པར་ངོས་ལེན་མེད་གསུང་གི་ཡོད་ནའང་། དོན་གཅོད་རྩིས་སྤྲོད་རྩིས་ལེན་ཚར་རེད། དྭངས་བླངས་དཔྱ་ཁྲལ་སྤྲོད་འཚམས་འཇོག་གི་ཡིན་གསུང་མཁན་ཡང་ཡོད་རེད། དོན་གཅོད་འཕོ་འགྱུར་སྐོར་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་ཀྱང་གསུང་མཁན་ཡོད་པས། དེའི་ཐོག་དགོངས་ཚུལ་གང་ཡོད་དྲིས་པར། ཁོང་གིས། “ཞིབ་འཇུག་ཚོགས་ཆུང་སྤྱི་འཐུས་ལྷན་ཚོགས་ལ་སྙན་སེང་ཞུས་ནས་བཙུགས་ན་འགྲོ་སྟངས་ཤིག་ཡོད་རེད། ཡང་ན་ཁྲིམས་ཞིབ་ཁང་ལ་འགྲོ་ཡ་རེད། དེ་ཚོ་བྱས་ནས་གཙང་མ་བཟོ་རྒྱུའི་ཐབས་ལམ་ཡོད་ན་ཡིན་དང་ཡིན། མང་གཙོའི་འགྲོ་སྟངས་རེད་”ཅེས་དང་། ངོ་རྒོལ་ལས་འགུལ་དེ་བཅའ་ཁྲིམས་ནང་ཞི་བའི་འདུ་འཛོམས་བྱས་ཆོག་པ་དང་། མི་སུ་འདོད་པ་མ་ཁེངས་ན། མི་མང་ཉུང་ག་ཚོད་ཡིན་ན་བྱས་ཆོག་པ་དང་། མང་གཙོ་ཡིན་པས་ཁོང་གིས་བཀག་ཤེས་ཀྱི་མེད་སྐོར་གསུངས་ལ། དེ་བཞིན་ཁོང་གིས་ཁོང་གལ་ཆེ་དྲག་པ་མིན་ནའང་། རྐྱེན་དེ་ཁོང་ལ་བརྟེན་པ་དང་། གནས་ཚུལ་དེ་འཛིན་སྐྱོང་བཀའ་ཤག་གིས་བསླངས་རེད། སྤྱི་ཚོགས་ལྷིང་འཇགས་ཡོང་ཆེད་ཀྱང་བཀའ་ཤག་གིས་གནང་དགོས་སྐོར་དང་། ད་སྔ་བར་དོན་གཅོད་ལས་ཁང་ནང་དྭངས་བླངས་དཔྱ་དངུལ་སྤྲོད་ཀྱི་མིན་ཞེས་སུ་ཡང་སླེབས་མེད་པ་དང་། སྤྱི་ཚོགས་ནང་སྐད་ཆ་འདྲ་མིན་ཡོད་སྐོར་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

གསལ་བཤད་ཡིག་ཆ་ཆ་ཚང་།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1505

Leave a Reply