ལིའུ་ཞའོ་པའོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་གཏོང་དགོས།

ལིའུ་ཞའོ་པའོ་དང་ཁོང་ལྟ་བུ་རྒྱ་མི་རིགས་ཤིག་ལ་གུང་ཁྲན་ཏང་གི་བྱེད་སྟངས་དེ་འདྲ་ཞིག་ཡིན་དུས། བོད་ཀྱི་བཙོན་པ་རྣམས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་པ་ང་ཚོར་དངངས་འཚབ་སྐྱེ་གཞི་ཆགས་ཡོད་པ་རེད། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག་དྷ་ས་མེག་གྷན་ཁྲོམ་དཀྱིལ་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་མཉམ་འབྲེལ་ཐོག་རྒྱ་ནག་གི་རྩོམ་པ་པོ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིའུ་ཞའོ་པའོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་འགྲོ་འཇུག་དགོས་པའི་དགོས་འདུན་བཏོན་ཏེ་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་ལས་འགུལ་སྐབས་སྐུ་ཞབས་ལིའུ་ཞའོ་པའོ་ཡི་མི་ཚེའི་ནང་གི་བྱ་གཞག་དང་འབྲེལ་བའི་ལོ་ཚིགས་གལ་ཆེན་པོ་༥ ཁོང་གི་པར་ལྔའི་ཐོག་བྲིས་ནས། ལས་འགུལ་བ་ཚོས་པར་དེ་དག་ངོ་གདོང་གི་མདུན་དུ་བཟུང་སྟེ། ལོ་ཚིགས་གང་དུ་བྱ་གཞག་ཅི་ཞིག་བྱུང་བ་སོགས་སྐད་ཤུགས་ཆེན་པོའི་སྒོ་ནས་བཀླགས་ཡོད་པ་རེད། སྐབས་དེར་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་རྒྱ་གར་སྐད་ནང་ལས་འགུལ་དེའི་སྐོར་འགྲེལ་བརྗོད་གནང་སོང་ལ།
བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་ལས་འགུལ་སྤེལ་དགོས་དོན་གྱི་སྐོར་ལ་གསུངས་དོན། “སྐུ་ཞབས་ལིའུ་ཞའོ་པའོ་ཡི་རྒྱབ་ལྗོངས་ལ་ཆ་མཚོན་ན། རྒྱ་ནག་དམར་ཤོག་གུང་ཁྲན་ཏང་གི་སྲིད་ཇུས་འོག་རྒྱ་ནག་ཁོ་རང་ཚོ་ལ་ཡང་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་འདུག་ཟེར་ནས། ཕྱི་ལོ་༢༠༠༨ ལོར་སྐུ་ཞབས་ལིའུ་ཞའོ་པའོ་ཡིས་ཁོང་གི་རོགས་པ་དང་མཉམ་དུ་རྒྱ་ནག་ནང་མང་གཙོ་བཅོས་སྒྱུར་དང་། ཁྲིམས་ཀྱི་དབང་སྒྱུར། འགྲོ་བ་མིའི་ཐོབ་ཐང་དགོས་པའི་༠༨ རྩ་ཁྲིམས་ཟིན་བྲིས་ཞེས་པ་ཞིག་བྲིས་ཡོད་པ་དེ་རྒྱུ་མཚན་གཙོ་བོ་བྱས་ནས་ཁོང་བཙོན་འཇུག་བྱས་རེད། ཁོང་དང་ཁོང་ལྟ་བུ་རྒྱ་མི་རིགས་ཤིག་ལ་གུང་ཁྲན་ཏང་གི་བྱེད་སྟངས་དེ་འདྲ་ཞིག་ཡིན་དུས། བོད་ཀྱི་བཙོན་པ་རྣམས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་པ་ང་ཚོ་དངངས་འཚབ་སྐྱེ་གཞིར་ཆགས་ཡོད་པ་རེད། དེ་རིང་ལ་ཆ་མཚོན་ན། ལིའུ་ཞའོ་པའོ་ཡི་གནས་སྟངས་ཐོག་ཡུལ་གྲུ་གང་ས་ནས་སྐད་འབོད་བྱེད་ཀྱི་ཡོད་པ་ལྟར། དྷ་ས་ནས་སློབ་ཕྲུག་རང་བཙན་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཀྱིས་ལིའུ་ཞའོ་པའོ་རྒྱ་ནག་གི་ཕྱི་ལོགས་སུ་སྨན་བཅོས་བྱེད་དུ་གཏོང་དགོས་པའི་འབོད་སྒྲ་སྒྲོག་གི་ཡོད། དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཉེ་ཆར་ལིའུ་ཞའོ་པའོ་ཡི་གནས་སྟངས་ཛ་དྲག་རེད་འདུག སྲོག་མགོ་ཐོན་ས་མ་རེད་ཅེས་བཤད་ཡོད་ཀྱང་། འཇར་མན་དང་ཨ་རི་ནས་འབྱོར་བའི་སྨན་པ་གཉིས་ཀྱིས་ན་ཚ་དྲག་སྐྱེད་ཡོང་བའི་རེ་བ་ཏོག་ཙམ་འདུག ད་དུང་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་བཏང་ན་སྐྱོན་ཞེ་དྲག་འབྱུང་ས་མ་རེད། ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་འགྲོ་ཐུབ་ན་ཡག་པོ་འདུག་ཅེས་བསམ་ཚུལ་བརྗོད་ཡོད་པ་ལྟར། སྐུ་ཞབས་ལིའུ་ཞའོ་པའོ་དང་ཁོང་གི་ཁྱིམ་ཚང་གི་ངོས་ནས་ཕྱི་རྒྱལ་དུ་སྨན་བཅོས་བྱེད་དུ་འགྲོ་འདོད་ཡོད་ཅེས་བརྗོད་ཡོད་པ་བཞིན། དེ་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཆེད་དུ་ལས་འགུལ་སྤེལ་བ་ཡིན་”ཞེས་དང་། ཡང་ཁོང་གིས་སྐུ་ཞབས་ལིའུ་ཞའོ་པའོ་ནི་རྒྱ་ནག་ནང་མང་གཙོ་བཅོས་སྒྱུར་དང་། ཁྲིམས་ལུགས་དབང་སྒྱུར་ཐོག་ཤུགས་རྒྱག་མཁན་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་གང་ཟག་གལ་ཆེན་པོ་ཞིག་ཡིན་པ་ལྟར། ཁོང་ལ་བོད་པའི་སྤྱི་ཚོགས་དང་བོད་པའི་འཐབ་རྩོད་ཀྱི་ངོས་ནས་རྒྱབ་སྐྱོར་ཡོད་པ་དང་། ཁོང་ཕྱི་རྒྱལ་དུ་སྨན་བཅོས་བྱེད་དུ་གཏོང་དགོས་པའི་གསལ་བསྒྲགས་བྱེད་ཆེད་དུ་ལས་འགུལ་གོ་སྒྲིག་བྱས་པ་ཡིན་སྐོར་ཡང་གསུངས་སོང་།

སྐུ་ཞབས་ལིའུ་ཞའོ་པའོ་ཡི་མི་ཚེ་དང་འབྲེལ་བའི་ལོ་ཚིགས་གལ་ཆེན་ཁག་ཏུ་ལས་དོན་ག་རེ་བྱས་ཡོད་མེད་ལས་འགུལ་བ་ཚོས་བསྒྲགས་སོང་། ཐོག་མར་ཕྱི་ལོ་༡༩༥༥ ལོར་ལིའུ་ཞའོ་པའོ་རྒྱ་ནག་ཞི་ལིན་མངའ་སྡེའི་ནང་ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ཁོང་གི་ཕའི་ལམ་སྟོན་འོག་ཤེས་བྱ་ཡོན་ཏན་སྦྱངས་ཏེ་མ་འོངས་པར་རྒྱ་ནག་དེ་མང་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཆགས་རྒྱུའི་འདུན་པ་དྲག་པོ་སྐྱེས་མྱོང་སྐོར་དང་། དེ་རྗེས་ཕྱི་ལོ་༡༩༨༨ ལོར་འབུམ་རམས་པ་རྒྱུགས་སྤྲོད་བྱས་ཡོད་ཅིང་། སྐབས་དེར་མཛེས་དཔྱོད་དང་མིའི་རང་དབང་(Aesthetic and Human Freedom

) ཞེས་པའི་ཆེད་རྩོམ་ཞིག་སྤེལ་བའི་ནང་གི་མིའི་རང་དབང་ཞེས་པ་ནི་མི་ཞིག་གི་རང་བཞིན་ལྷན་སྐྱེས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་དང་མི་རིགས་སྤྱི་ཚོགས་བཅས་ལ་ཕན་ཐོགས་ཡོད་པ་ཞིག་བྱེད་པར་རང་དབང་ལས་ལྷག་པ་ཞིག་མེད་པ་དང་། རང་དབང་བཀག་སྡོམ་བྱེད་པ་ནི་མིའི་རྣམ་དཔྱོད་ཀྱི་ནུས་པ་དང་ལྷན་སྐྱེས་ཀྱི་ཤེས་རབ་བཀག་སྡོམ་བྱེད་པ་དང་གཅིག་པ་ཡིན་སྟབས། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་ཆ་མཚོན་དེ་ལས་ལྷག་པའི་གྱོང་གུད་ཅིག་མེད་སྐོར་འཁོད་ཡོད་པ་རེད།

ཕྱི་ལོ་༡༩༨༩ ལོའི་དྲུག་བཞིའི་ལས་འགུལ་སྐབས། ཨ་རི་ནས་རྒྱ་ནག་ཏུ་ལོག་སྟེ། མང་གཙོའི་ལས་འགུལ་ནང་མཉམ་ཞུགས་དང་སྣེ་ཁྲིད་བྱས་པ་དང་། ལས་འགུལ་དེ་ནི་རྒྱ་ནག་གི་ལོ་རྒྱུས་རང་བཞིན་ཅན་གྱི་དོན་སྙིང་ལྡན་པའི་མང་གཙོ་དང་རང་དབང་གི་འབོད་སྒྲ་ཆེན་པོ་ཞིག་རེད། ལས་འགུལ་དེས་རྒྱ་དམར་དབང་འཛིན་པའི་ཚོགས་པ་ཞིག་གིས་སྲིད་དབང་སྒེར་འཛིན་བྱས་པ་ནི། རྒྱ་ནག་མི་མང་གི་མངོན་འདོད་དང་རྒྱབ་འགལ་ཕྱིན་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཀྱང་། རྒྱ་དམར་གྱི་དབང་འཛིན་པ་ཚོས་ཡ་ང་སྙིང་རྗེ་མེད་པར་གཞི་རྒྱ་ཆེ་བའི་ལས་འགུལ་དེར་དྲག་གནོན་བྱས་ཁར། གསོན་པོ་ལྷག་པའི་ལས་འགུལ་བ་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་ནས་ལོ་དེའི་ཟླ་བ་༦ པའི་ཚེས་༦ ཉིན་སྐུ་ཞབས་ལིའུ་ཞའོ་པའོ་འཛིན་བཟུང་བྱས།

ཕྱི་ལོ་༢༠༠༨ ལོར་༠༨ རྩ་ཁྲིམས་ཟིན་བྲིས་ཞེས་པ་མ་འོངས་པའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་སྐོར་གྱི་ཆེད་རྩོམ་སྤེལ་བར་རྒྱ་ནག་དང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་མིང་རྟགས་འགོད་མཁན་དང་རྒྱབ་སྐྱོར་བྱེད་མཁན་སྟོང་ཚོ་མང་པོ་བྱུང་ཡོད་ཅིང་། ཁྲིམས་ལུགས་ཀྱི་རྩ་འཛིན་དེ་ནི་མ་འོངས་པར་རྒྱ་ནག་དེ་ཁྲིམས་ཀྱིས་སྐྱོང་བ་བ་ཞིག་གི་ཐོག མང་གཙོ་དང་རང་དབང་ལ་འགན་སྲུང་ཡོད་པ། གཏམ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་དད་རང་མོས་སོགས་ཀྱི་ཐོབ་ཐང་ལ་ལོངས་སུ་སྤྱད་ནས་རྒྱ་ནག་དེ་རྒྱལ་སྤྱིའི་ཐོག་འགན་འཁུར་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཐུབ་རྒྱུ་དེ་རེད།

ཕྱི་ལོ་༢༠༡༠ ལོར་སྐུ་ཞབས་ལིའུ་ཞའོ་པའོ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་ཀྱང་། རྒྱ་ནག་གཞུང་གི་བཙན་གནོན་བཀག་སྡོམ་འོག་ནས་གཟེངས་རྟགས་ལེན་དུ་བཅར་ཐུབ་མེེད། ཁོང་གིས་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་པ་དེ་ནི་ཁོང་ཙམ་མ་ཡིན་པར་རྒྱ་ནག་རྒྱལ་ཁབ་དང་། མི་མང་། མང་གཙོ་དང་རང་དབང་གི་དོན་དུ་འཐབ་རྩོད་བྱེད་མཁན་ཚང་མར་སེམས་འགུལ་ཐེབས་གཞི་དང་བློ་སྟོབས་སྐྱེ་གཞི་ཆགས་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 152

Leave a Reply