ལིའུ་ཞའོ་པའོ་འདས་གྲོངས་དང་རྒྱ་ནག་ལ་སྐྱོན་བརྗོད།

སྐུ་ཞབས་ལིའུ་ཞའོ་པའོ་གྲོངས་པའི་གནད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཀྱང་། རྒྱ་ནག་གིས་སྐྱོན་བརྗོད་དེ་དག་ལ་ངོ་རྒོལ་བྱས་ཡོད་འདུག

ཧོང་ཀོང་དུ་ལིའུ་ལ་རྒྱབ་སྐྱོར་ལས་འགུལ་སྐབས།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༣ གྱི་ཉིན་རྒྱབ་ཏུ་རྒྱ་ནག་གི་རྩོམ་པ་པོ་དང་ལས་འགུལ་བ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པའོ་གྲོངས་ཡོད་པ་དང་། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་ལིའུ་ཞའོ་པའོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་མ་བཏང་བ་དེ་ནི་ཤིན་ཏུ་ནས་སུན་གཙེར་ཆེན་པོ་ཞིག་རེད་ཅེས་ཁོང་དུས་མིན་འདས་གྲོངས་སུ་སོང་བ་ཞིག་ཡིན་སྐོར་བརྗོད་ཡོད་འདུག་ལ། དེ་བཞིན་འཇར་མན་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་སཱི་མར་གྷེབ་རིལ་གྱིས་ལིའུ་ཞའོ་པའོ་ཕྱི་རྒྱལ་དུ་སྨན་བཅོས་བྱེད་དུ་སླེབས་མ་ཐུབ་པར་བློ་ཕམ་བྱུང་ཡོད་སྐོར་དང་།“ལིའུ་ཞའོ་པའོ་ལ་མཆིན་པའི་སྐྲན་ནད་ཡོད་པ་སྔོན་ཚུད་ནས་ཤེས་རྟོགས་བྱུང་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད་མེད་མྱུར་ཏུ་གསལ་པོ་བཟོ་རྒྱུའི་འོས་འགན་རྒྱ་ནག་ལ་ཡོད་”ཅེས་དང་། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་བྷཱོ་རི་སི་ཇཱོན་སོན་གྱིས་ལིའུ་ཞོའོ་པའོ་ཕྱི་རྒྱལ་ནང་སྨན་བཅོས་བྱེད་དུ་མ་བཏང་བ་དེ་ནི་རྒྱ་ནག་གི་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག

འོན་ཀྱང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཁང་གིས་“ལིའུ་ཞའོ་པའོ་ཡི་གནད་དོན་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་དེར་ཐེ་གཏོགས་བྱེད་རྒྱུའི་དབང་ཆ་རྒྱ་ནག་རང་ལ་ཡོད། ཕྱི་ཡི་རྒྱལ་ཁབ་ཁག་གིས་དེའི་སྐོར་ལ་ཚུལ་མིན་གྱི་སྐད་ཆ་བཤད་དབང་མེད”ཅེས་བརྗོད་ཡོད་པ་དང་། ཕྱི་སྲིད་བློན་ཆེན་ཁང་གི་མགྲིན་ཚབ་པ་གྷཱེན་ཧྲོང་གིས་ལིའུ་ཞའོ་པའོ་ཡི་སྨན་བཅོས་ཀྱི་ཆེད་དུ་རྒྱ་ནག་གིས་བྱེད་རྒྱུ་ཡོད་པ་ཚང་མ་བྱས་ཡོད་སྐོར་བརྗོད་ཡོད་འདུག
རྒྱ་ནག་གཞུང་གིས་ལིའུ་ཞའོ་པའོ་ཡི་གྲོགས་པོ་རྣམས་ལ་ལིའུ་ཞའོ་པའོ་རྗེས་དྲན་འདུ་འཛོམས་སོགས་ཀྱི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག་སྐོར་བརྗོད་ཡོད་འདུག་ཀྱང་། རྒྱ་ནག་སྐམ་ས་ཆེན་མོའི་ཕྱི་ལོགས་ནས་མྱ་ངན་གུས་འདུད་མངོན་གསལ་དོད་པོར་བྱེད་བཞིན་ཡོད་འདུག

དེ་བཞིན་༧གོང་ས་མཆོག་གིས་སྐུ་ཞབས་ལིའུ་ཞའོ་པའོ་འདས་གྲོངས་སུ་སོང་བར་ཐུགས་ཕམ་བྱུང་ཡོད་སྐོར་དང་། འདས་པོ་ཁོང་གི་སྐུ་ཟླ་ལྕམ་ལིའུ་ཞའོ་གཙོས་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་དང་སྦྲགས་ཐུགས་སྨོན་དང་། ལིའུ་ཞའོ་པའོ་ཡིས་རང་དབང་གི་དོན་དུ་འབད་བརྩོན་ལྷོད་མེད་གནང་བར་འབྲས་བཟང་མྱུར་དུ་སྨིན་རྒྱུར་ཡིད་ཆེས་ཡོད་གསུངས་ཡོད་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཀྱང་ཐུགས་གསོའི་གསུང་འཕྲིན་གནང་འདུག

འདི་ལོའི་ཕྱི་ཟླ་༦ པའི་ཕྱི་ཚེས་༢༦ ཉིིན་རྒྱ་ནག་གཞུང་གིས་ལིའུ་ཞའོ་པའོ་ལ་མཆིན་པའི་སྐྲན་ནད་ཕོག་ཡོད་སྟབས་དམིགས་བསལ་གནས་སྟངས་ཐོག་བཙོན་ཁང་ནས་གློད་གྲོལ་བཏང་སྟེ། སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད། ཕྱི་ཡི་རྒྱལ་ཁབ་ཁག་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་བཅས་ཀྱིས་ལིའུ་ཞའོ་པའོ་ཕྱི་རྒྱལ་ནང་སྨན་བཅོས་བྱེད་དུ་གཏོང་དགོས་སྐོར་རྒྱ་ནག་ལ་ནན་སྐུལ་བྱས་ཡོད་ཀྱང་། རྒྱ་ནག་གིས་ན་ཚ་ཚབས་ཆེན་ཡིན་སྟབས་འགྲུལ་བཞུད་བྱས་ན་ཉེན་ཚབས་དེ་བས་ཆེ་བ་ཡོད་སྐོར་བརྗོད་ནས། ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་གཏོང་རྒྱུའི་ཚབ་ཏུ། ཨ་རི་དང་འཇར་མན་ནས་ཆེད་མཁས་སྨན་པ་ཡོང་ཡོད་པ་རེེད། ཕྱི་རྒྱལ་སྨན་པས་ན་ཚ་ལ་བརྟག་དཔྱད་བྱས་རྗེས་ཕྱི་རྒྱལ་དུ་སྨན་བཅོས་བྱེད་དུ་བཏང་ན་ལམ་བར་ནས་ཉེན་ཁ་མི་འཕྲད་ཁར། ན་ཚ་དྲག་སྐྱེད་ཡོང་བའི་རེ་བ་ཡོད་སྐོར་བརྗོད་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་བཏང་མེད་པ་རེད།

ད་ཆ་འཇར་མན་དང་། དབྱིན་ཡུལ། ཧྥ་རན་སི། ཨ་རི་བཅས་ཀྱིས་སྐུ་ཞབས་ལིའུ་ཞའོ་པའོ་ཡི་བཟའ་ཟླ་ལིའུ་ཞའོ་ཕྱི་རྒྱལ་ཁག་ཏུ་འགྲོ་འདོད་ཡོད་ཚེ་མོ་རང་གི་འདོད་མོས་བཞིན་འགྲོ་བསྐྱོད་བྱེད་འཇུག་དགོས་པའི་རེ་འབོད་བྱེད་བཞིན་ཡོད་འདུག
ལིའུ་ཞའོ་པོ་ནི་ཕྱི་ལོ་༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་ཞི་བའི་ངོ་རྒོལ་སྐབས་མཉམ་ཞུགས་བྱས་རྐྱེན་ལོ་གཉིས་མ་ཟིན་ཙམ་རིང་བཙོན་དུ་བཅུག་ཡོད་པ་དང། ༡༩༩༦ ལོར་གནམ་སྡེ་སྒོ་མོའི་དོན་རྐྱེན་དང་འབྲེལ་བའི་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བར། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་ལོ་གསུམ་རིང་བཏང་ཡོད་འདུག ༢༠༠༩ ལོར་ལིའུ་ཞའོ་པོ་ཡིས་བརྩམས་པའི་རྩ་ཁྲིམས་ཀླད་ཀོར་བརྒྱད་ཅེས་པ་འདོན་སྤེལ་མ་བྱས་པའི་ཉིན་གཅིག་གོང་དུ་གློ་བུར་དུ་འཛིན་བཟུང་བྱས་ཡོད་ཅིང་། ཕྱི་ལོ་༢༠༡༠ ལོར་ལིའུ་ཞའོ་པོ་བཙོན་ཁང་དུ་ཡོད་སྐབས། ནོལ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ཀྱང་། ཁོང་གཟེངས་རྟགས་དེ་ལེན་དུ་འགྲོ་ཐུབ་མེད་པ་རེད།
དེ་ནས་བཟུང་ཁོང་གི་བཟའ་ཟླ་ལིའུ་ཞའོ་ཡང་རང་ཁྱིམ་དུ་བཀག་ཉར་བྱས་པ་དང་། རྒྱ་གཞུང་གི་དབང་འཛིན་པ་ཚོས་ད་བར་མོ་ལ་བཀག་ཉར་དེ་ལྟར་བྱེད་དོན་གྱི་སྐོར་ལ་འགྲེལ་བརྗོད་གང་ཡང་བྱས་མེད་འདུག དེ་སྔོན་ལིའུ་ཞའོ་པོ་ལ་ལོ་༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས་ད་ལྟ་བཙོན་འཇུག་དུས་ཡུན་ལོ་༣ གྱིས་ཚང་མེད་རུང་། མཆིན་པའི་སྐྲན་ནད་ཀྱི་དབང་གིས་གློད་གྲོལ་ཐོག་སྨན་བཅོས་བྱེད་བཞིན་ཡོད་པ་འདི་ལོའི་ཕྱི་ཟླ་༦ པའི་ཕྱི་ཚེས་༢༦ ཉིན་གནས་ཚུལ་ཕྱིར་བསྒྲགས་བྱེད་བྱས་ཡོད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 691

Leave a Reply