ལིའུ་ཞའོ་པའོ་ཡི་ན་ཚ་ཚབས་ཆེ་རུ་འགྲོ་བཞིན་འདུག་ཟེར།

ལིའུ་ཞའོ་པའོ་ཉིན་ཤས་རིང་སྡོད་རྒྱུ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་དེ། ཁོང་འཆི་ལ་ཁད་ཡིན་རྐྱེན་ང་ཚོར་འཇིགས་སྣང་སླེབས་ཀྱི་འདུག་ཅེས་ལིའུ་ཞའོ་པའོ་ཡི་གྲོགས་པོ་ཚོས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༦ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་ཞན་ཡཱང་གི་སྨན་ཁང་ནས་ལིའུ་ཞའོ་པའོ་ཡི་ མཆིན་པའི་ནང་མཚོན་མདོག་སེར་པོ་དང་ལི་དབང་འདྲེས་མའི་ཁུ་བ་(bilirubin) ཞེས་པ་དེ་རིམ་བཞིན་ཇེ་མང་སོང་ནས། མཆིན་པའི་བྱེད་ལས་སྐྱོ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་འདུག

མཚོན་མདོག་སེར་པོ་དང་ལི་དབང་འདྲེས་མའི་ཁུ་བ་དེ་ནི་མཆིན་པས་འདོན་གྱི་ཡོད་ཅིང་། དེ་འདོན་ཚད་མཐོ་དྲགས་སོང་བ་ནི་མཆིན་པའི་བྱེད་ལས་ཉམས་ཀྱི་ཡོད་པའི་རྟགས་མཚན་ཡིན་འདུག

དེ་བཞིན་ཁ་སང་ཕྱི་ཚེས་༦ ཉིན་ལིའུ་ཞའོ་པའོ་དང་། ཁོང་གི་སྐྱེས་དམན་གཉིས་མཉམ་དུ་བླངས་པའི་པར་ཞིག་གྲོགས་པོ་དང་། ཁོའི་འཐབ་གྲོགས་ནང་ཁུལ་ཕན་ཚུན་བརྒྱུད་སྐུར་བྱས་ཡོད་ཅིང་། དེའི་ནང་ལིའུ་ཞའོ་པའོ་ཡི་རང་ཚུགས་ཤོར་བའི་རྣམ་པ་མངོན་གྱི་ཡོད་སྐོར་འདུག

ལིའུ་ཞའོ་པའོ་ཡི་གྲོགས་པོ་ཚོས་རྒྱ་ནག་གི་དབང་འཛིན་པ་རྣམས་ལ་སྙན་ཞུ་ཞིག་བྲིས་ཏེ། འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་བསམ་ཤེེས་ཀྱི་ཐོག་ནས་ལིའུ་ཞའོ་པའོ་ལ་ཐུག་འཕྲད་བྱེད་དུ་འགྲོ་རྒྱུའི་རེ་སྐུལ་ཞུས་ཡོད་འདུག་པ་མ་ཟད། ཁོང་ཚོས་“ང་ཚོས་འདི་ཧ་ཅང་གི་ཡིད་སྐྱོའི་གནས་ཤིག་ཏུ་ཚོར་གྱི་འདུག ལིའུ་ཞའོ་པའོ་ཉིན་ཤས་རིང་སྡོད་རྒྱུ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་དེ། ཁོང་འཆི་ལ་ཁད་ཡིན་རྐྱེན་ང་ཚོར་འཇིགས་སྣང་སླེབས་ཀྱི་འདུག”ཅེས་དང་། དེ་བཞིན་དུས་སྐབས་འདིར་སྐུ་ཞབས་ལིའུ་ཞའོ་པའོ་དང་ཁོང་གི་བཟའ་ཟླ་ལིའུ་ཞའོ་གཉིས་སར་ཁོང་ཚོ་ངེས་པར་དུ་སོང་ནས་བྱམས་སྐྱོང་དང་སྨོན་ལམ་རྒྱག་དགོས་ཀྱི་ཡོད་སྐོར་ཡང་བརྗོད་ཡོད་འདུག

སྐུ་ཞབས་ལིའུ་ཞའོ་པའོ་ཡི་ནང་མིའི་རེ་སྐུལ་བཞིན་རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་༥ ཉིན་ལིའུ་ཞའོ་པའོ་ཡི་ནད་བཅོས་ཀྱི་ཆེད་དུ། ཨ་རི་དང་འཇར་མན་གྱི་སྨན་པ་མཁས་ཅན་རྣམས་ལ་གདན་ཞུའི་རེ་འབོད་བྱས་ཡོད་སྐོར་བསྒྲགས་ཡོད་འདུག་ཀྱང་། ཐག་གཅོད་དེ་ནི་ཟླ་འདིའི་ཕྱི་ཚེས་༧ ནས་ཉིན་གཉིས་རིང་འཇར་མན་དུ་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་མ་འཚོགས་གོང་དུ་བྱུང་བ་ཞིག་ཡིན་འདུག་པ་མ་ཟད། ལིའུ་ཞའོ་པའོ་ཡི་གནད་དོན་དང་འབྲེལ་བའི་ཐོག་ནས་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གི་སྐོར་བསྐྱོད་ནག་ནོག་བཟོ་དོགས་ཀྱི་སེམས་ཁྲལ་བྱེད་བཞིན་ཡོད་སྐོར་རྒྱ་ནག་ཕྱི་འབྲེལ་མི་སྣས་བརྗོད་ཡོད་སྐོར་རོའུ་ཊར་གསར་ཁང་གིས་སྤེལ་ཡོད་འདུག

ལིའུ་ཞའོ་པོ་ནི་ཕྱི་ལོ་༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་ཞི་བའི་ངོ་རྒོལ་སྐབས་མཉམ་ཞུགས་བྱས་རྐྱེན་ལོ་གཉིས་མ་ཟིན་ཙམ་རིང་བཙོན་དུ་བཅུག་མྱོང་ཡོད་པ་དང། ༡༩༩༦ ལོར་གནམ་སྡེ་སྒོ་མོའི་དོན་རྐྱེན་དང་འབྲེལ་བའི་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བར། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་ལོ་གསུམ་རིང་བཏང་ཡོད་འདུག ༢༠༠༩ ལོར་ལིའུ་ཞའོ་པོ་ཡིས་བརྩམས་པའི་རྩ་ཁྲིམས་ཀླད་ཀོར་བརྒྱད་ཅེས་པ་འདོན་སྤེལ་མ་བྱས་པའི་ཉིན་གཅིག་གོང་དུ་གློ་བུར་དུ་འཛིན་བཟུང་བྱས་ཡོད་ཅིང་། ཕྱི་ལོ་༢༠༡༠ ལོར་ལིའུ་ཞའོ་པོ་བཙོན་ཁང་དུ་ཡོད་སྐབས། ནོལ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ཀྱང་། ཁོང་གཟེངས་རྟགས་དེ་ལེན་པར་སླེབས་ཐུབ་མེད་པས། སྐབས་དེར་རྐུབ་བཀྱག་སྟོང་པ་བཞག་ཡོད་པ་རེད།  དེ་ནས་བཟུང་ཁོང་གི་བཟའ་ཟླ་ལིའུ་ཞའོ་ཡང་རང་ཁྱིམ་ནང་བཀག་ཉར་འོག་གནས་ཡོད་འདུག་ཀྱང་། རྒྱ་གཞུང་གི་དབང་འཛིན་པ་ཚོས་ད་བར་མོ་ལ་བཀག་ཉར་དེ་ལྟར་བྱེད་དོན་གྱི་སྐོར་ལ་འགྲེལ་བརྗོད་གང་ཡང་བྱས་མེད་འདུག དེ་སྔོན་ལིའུ་ཞའོ་པོ་ལ་ལོ་༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས་ད་ལྟ་བཙོན་འཇུག་དུས་ཡུན་ལོ་༣ གྱིས་ཚང་མེད་རུང་། ན་ཚའི་དབང་གིས་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་ཁེལ་ཡོད་པའི་གནས་ཚུལ་ཕྱི་ཟླ་༦ པའི་ཕྱི་ཚེས་༢༦ ཉིན་ཡོངས་གྲགས་སུ་བྱུང་བ་ཞིག་རེད། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 226

Leave a Reply