ལིའུ་ཞའོ་པའོ་སྨན་བཅོས་ཆེད་ཕྱི་རྒྱལ་གྱི་སྨན་པ་སྐད་བཏང་ཡོད་འདུག

རྒྱ་ནག་གཞུང་གི་བཙོན་འོག་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་ནག་གི་གྲགས་ཅན་རྩོམ་པ་པོ་སྐུ་ཞབས་ལིའུ་ཞའོ་པའོ་ལ་མཆིན་པའི་སྐྲན་ནད་ཕོགས་ཡོད་པ་དང་། ཁོང་སྨན་བཅོས་ཆེད་དུ་རྒྱ་ནག་གིས་ཨ་རི་དང་འཇར་མན་གྱི་སྨན་པ་སྐད་བཏང་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༥ ཉིན་རྒྱ་ནག་གཞུང་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་རྒྱ་ནག་གི་གྲགས་ཅན་རྩོམ་པ་པོ་སྐུ་ཞབས་ལིའུ་ཞའོ་པའོ་ནད་བཅོས་ཀྱི་ཆེད་དུ། ཨ་རི་དང་འཇར་མན་གྱི་སྨན་པ་མཁས་ཅན་རྣམས་ལ་གདན་ཞུའི་རེ་འབོད་བྱས་ཡོད་སྐོར་བསྒྲགས་ཡོད་འདུག་པ་མ་ཟད།
རྒྱ་ནག་བྱང་ཤར་གྱི་གྲོང་ཁྱེར་ཞན་ཡཱང་གི་དབང་འཛིན་པ་ཚོས་ཕྱི་རྒྱལ་གྱི་སྨན་པ་གདན་འདྲེན་བྱ་རྒྱུའི་ཐག་གཅོད་དེ་ནི་ལིའུ་ཞའོ་པའོ་ཡི་ནང་མིའི་རེ་སྐུལ་བཞིན་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག
འདི་ལོའི་ཕྱི་ཟླ་༥ པའི་ནང་སྐུ་ཞབས་ལིའུ་ཞའོ་པའོ་ལ་མཆིན་པའི་སྐྲན་ནད་ཡོད་པའི་ནད་ངོ་ཆོད་པ་དང་། ཕྱིས་སུ་བཙོན་ཁང་ནས་དམིགས་བསལ་གནས་སྟངས་ཀྱི་ཐོག་ནས་གློད་གྲོལ་བཏང་སྟེ་རྒྱ་ནག་གི་གྲོང་ཁྱེར་ཞན་ཡཱང་གི་སྨན་ཁང་ཞིག་ནས་སྨན་བཅོས་བྱེད་བཞིན་ཡོད་འདུག འོན་ཀྱང་། ལིའུ་ཞའོ་པའོ་བཙོན་ཁང་ནས་གློད་གྲོལ་བྱུང་རྗེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་དང་། འཇར་མན་དང་ཨ་རི་སོགས་རྒྱལ་ཁབ་ཁག་ཅིག་གི་ཕྱི་འབྲེལ་མི་སྣ་བཅས་ཀྱིས་ལིའུ་ཞའོ་པའོ་ནད་བཅོས་ཀྱི་ཆེད་དུ་ཕྱི་རྒྱལ་ལ་གཏོང་དགོས་པའི་འབོད་བརྡ་བཏང་ཡོད་འདུག དེ་བཞིན་ཨོ་སི་ལོའི་ནོ་བྷེལ་ཚོགས་ཆུང་གིས་སྐུ་ཞབས་ལིའུ་ཞའོ་པའོ་ནི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་རྟགས་མཚན་གཙོ་བོ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་འདུག
སྐུ་ཞབས་ལིའུ་ཞའོ་པའོ་ནི་ཕྱི་ལོ་༢༠༠༩ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་ཅིང་། མི་ལོ་༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། བཙོན་འཇུག་དུས་ཡུན་ཚང་མིན་ལ་མ་ལྟོས་པར་ན་ཚའི་དབང་གིས་བཙོན་ཁང་ནས་དམིགས་བསལ་གནས་སྟངས་ཀྱི་ཐོག་ནས་གློད་གྲོལ་གཏོང་དགོས་ཁེལ་ཡོད་པ་རེད་འདུག
ལིའུ་ཞའོ་པོ་ནི་ཕྱི་ལོ་༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་ཞི་བའི་ངོ་རྒོལ་སྐབས་མཉམ་ཞུགས་བྱས་རྐྱེན་ལོ་གཉིས་མ་ཟིན་ཙམ་རིང་བཙོན་དུ་བཅུག་མྱོང་ཡོད་པ་དང། ༡༩༩༦ ལོར་གནམ་སྡེ་སྒོ་མོའི་དོན་རྐྱེན་དང་འབྲེལ་བའི་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བར། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་ལོ་གསུམ་རིང་བཏང་ཡོད་འདུག ༢༠༠༩ ལོར་ལིའུ་ཞའོ་པོ་ཡིས་བརྩམས་པའི་རྩ་ཁྲིམས་ཀླད་ཀོར་བརྒྱད་ཅེས་པ་འདོན་སྤེལ་མ་བྱས་པའི་ཉིན་གཅིག་གོང་དུ་གློ་བུར་དུ་འཛིན་བཟུང་བྱས་ནས་ད་བར་བཙོན་འཇུག་བཀག་ཉར་བྱས་པ་ཞིག་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 195

Leave a Reply