ལོ་རྒྱུས་མིག་མཐོང་ལག་ཟིན་ཡོད་པའི་བོད་མི་རྒན་པ་དག་གི་ལོ་རྒྱུས་ཡིག་ཐོག་ཏུ་ཕབ་ཀྱི་ཡོད།

Untitled-1བསྟན་འཛིན་དབྱངས་ཅན་ནི་༡༩༦༠ ལོར་རྒྱ་གར་དུ་སྐྱེས་པ་དང་། སློབ་ཐོན་རྗེས་སྦེལ་ཀོབ་མི་མང་མཉམ་འབྲེལ་གྱི་རྩིས་པའི་ལས་ཀ་བྱས། ད་ལྟ་དམིགས་བསལ་བོད་ཀྱི་ངག་རྒྱུན་ལོ་རྒྱུས་ཞིབ་འཇུག་ཁང་གི་ཕྱི་འབྲེལ་འགན་འཛིན་དང་། སྒྱུར་སྒྲིག་པ། སྐད་སྒྱུར་བཅས་ཀྱི་ལས་དོན་དང་མཉམ་Rotary Lhasa Bylakuppe ཚོགས་པའི་དྲུང་ཆེའི་འགན་ཁུར་ཡོད་པ་རེད།
དྲི་བ། བོད་ཀྱི་ངག་རྒྱུན་ལོ་རྒྱུས་ཞིབ་འཇུག་ཁང་ཞེས་པའི་ཚོགས་པ་འདི་ཇི་ལྟར་འགོ་འཛུགས་བྱས་པ་རེད།
ལན། བོད་ཀྱི་ངག་རྒྱུན་ལོ་རྒྱུས་ཞིབ་འཇུག་ཁང་དེ་ནི་༢༠༠༣ ལོར་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཨ་རིའི་ཁེ་ལི་ཧྥོར་ནེ་ཡར་བཞུགས་པའི་Dr. Marcella Adamski ཀྱིས་འགོ་འཛུགས་བྱས་པ་རེད། བོད་ཀྱི་ངག་རྒྱུན་ལོ་རྒྱུས་ཕྱོགས་སྒྲིག་ལས་གཞི་དེ་དམིགས་འཛུགས་བྱེད་དགོས་དོན་གཙོ་བོ་ནི་༧གོང་ས་མཆོག་གིས་བོད་མི་རྒན་རབས་རྣམས་འདས་གྲོངས་སུ་མ་སོང་སྔོན་དུ་ཁོང་རྣམས་ཀྱི་མི་ཚེའི་ལོ་རྒྱུས་སྒྲ་འཇུག་དང་ཡིག་ཐོག་བཅས་སུ་བཀོད་མ་ཐུབ་ཚེ། བོད་དང་འབྲེལ་བའི་དངོས་བྱུང་ལོ་རྒྱུས་རྣམས་བོར་བརླག་འགྲོ་རྒྱུའི་ཉེན་ཁ་ཆེ་ལུགས་བཀའ་ཕེབས་པ་བཞིན། བོད་མི་རྒན་རབས་རྣམས་ཀྱི་མི་ཚེའི་མྱོང་ཚོར་ཡིག་ཐོག་ཏུ་ཕབ་བཞིན་ཡོད། ལྷག་པར་དུ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་རྒན་རབས་རྣམས་ཀྱི་མི་ཚེའི་ལོ་རྒྱུས་སྒྲ་འཇུག་བྱས་ནས་ཡིག་ཐོག་ཏུ་ཕབ་ནས་དེབ་གཟུགས་བཅས་སུ་བཀོད་བཞིན་ཡོད་པ་མ་ཟད། ང་ཚོའི་དྲ་རྒྱ་www.tibetoralhistory.org འདིའི་ནང་དུ་གཟིགས་རྒྱུ་ཡོད་པ་བཅས་དམིགས་བཀར་ལས་གཞི་འདི་འགོ་འཛུགས་བྱས་པ་ཞིག་རེད།

དྲི་བ། བོད་ཀྱི་ངག་རྒྱུན་ལོ་རྒྱུས་འདི་ཞིབ་འཇུག་དང་འབྲེལ་ཕྱོགས་སྒྲིག་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་ནམ།
ལན། བོད་ཀྱི་ངག་རྒྱུན་ལོ་རྒྱུས་འདི་ཞིབ་འཇུག་ཕྱོགས་སྒྲིག་གིི་ལས་གཞི་ལག་བསྟར་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཆོལ་ཁ་གསུམ་ནི་ས་ཁྱོན་ཆེན་པོ་ཡིན་དུས། ཡུལ་ལུང་སོ་སོའི་ཁྲིམས་སྒྲིག་གི་ལམ་ལུགས་དང། ཡུལ་སྲོལ་གོམས་གཤིས། རི་ཆུའི་གནས་བབས། འཚོ་བ་སྐྱེལ་སྟངས་སོགས་མ་འདྲ་བ་དུ་མ་ཞིག་ཡོད་པ། རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་སྐོར། དངོས་བྱུང་གི་ལོ་རྒྱུས་མིག་མཐོང་ལག་ཟིན་ཡོད་པའི་བོད་མི་རྒན་རབས་རྣམས་ཀྱི་མི་ཚེའི་ལོ་རྒྱུས་ཡིག་ཐོག་ཏུ་ཕབ་པ་དང་། གློག་བརྙན་བཟོ་བ། སྒྲ་འཇུག་སོགས་བྱས་ནས་སྤྱི་ཚོགས་དྲ་རྒྱས་མཚོན་བརྒྱུད་ལམ་འདྲ་མིན་ཐོག་བོད་ཀྱི་རྩ་དོན་ཆེད་ཁྱབ་བསྒྲགས་བྱེད་རྒྱུ། གཙོ་བོ་དབྱིན་ཇི་ཐོག་དེབ་གཟུགས་སུ་བཀོད་ནས་འཛམ་གླིང་སྤྱི་དང་བོད་གངས་ཅན་པའི་ལོ་རྒྱུས་དེབ་ཐེར་ནང་འཇོག་ཐུབ་པའི་ཆེད། དེ་བཞིན་དངོས་བྱུང་ལོ་རྒྱུས་འདིའི་བོད་ཕྱི་རབས་པའི་བོད་མི་རྣམས་ལ་གོ་རྟོགས་སྤེལ་སླད་དང་། བོད་ཀྱི་རྩ་དོན་མི་རབས་ནས་མི་རབས་རྒྱུན་གནས་ཐུབ་པ་བཅས་ཀྱི་ཆེད་རེད། ལྷག་པར་དུ་བོད་རྒྱའི་དཀའ་རྙོག་དང་འབྲེལ་བའི་གནས་ཚུལ་ངོ་མ་བློ་གཟུ་བོར་གནས་པའི་རྒྱ་མི་རིགས་གཞོན་སྐྱེས་ཚོའི་ཤེས་ཀྱི་མེད་པས། དེ་ཚོ་ཚང་མིའི་ཆེད་དུ་ལས་གཞི་འདི་འགོ་འཛུགས་བྱས་པ་ཞིག་ཡིན་པ་དང། དེ་ཙམ་མ་ཟད་འབྱུང་འགྱུར་བོད་ཀྱི་ངག་རྒྱུན་ལོ་རྒྱུས་འདི་དག་རྒྱ་ཡིག་ཐོག་ཕབ་བསྒྱུར་བྱེད་རྒྱུའི་ལས་འཆར་ཞིག་ཀྱང་འགོ་འཛུགས་བྱེད་བཞིན་ཡོད།

དྲིབ། བོད་ཀྱི་ངག་རྒྱུན་ལོ་རྒྱུས་ནང་གི་བརྗོད་གཞི་གཙོ་བོ་གང་དང་གང་གི་ཐོག་ནས་བསྡུ་སྒྲིག་བྱེད་བཞིན་ཡོད་དམ།
index1ལན། ངག་རྒྱུན་ལོ་རྒྱུས་བསྡུ་སྒྲིག་བྱེད་སྐབས་བརྗོད་གཞི་གཙོ་བོ་ཐོག་མར་བོད་ནང་རང་ཉིད་སྐྱེས་ནས་བཙན་བྱོལ་དུ་མ་འབྱོར་བར་གྱི་མི་ཚེའི་ལོ་རྒྱུས་དང་ལུང་པའི་སྲོལ་ལུགས་སོགས་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་༡༩༥༩ ནས་བོད་ས་ཁྱོན་ཡོངས་རྫོགས་རྒྱ་ནག་གཞུང་གིས་བཙན་འཛུལ་དང་དབང་བསྒྱུར་སྐབས་རང་གི་ལུས་ཐོག་ཏུ་མྱོང་བའི་བཙན་དབང་དང་། མངོན་གསུམ་མིག་གིས་མཐོང་བའི་གནས་ཚུལ་ལོ་རྒྱུས་ཀྱི་གནད་འགག་ཡོད་པ། སྐབས་དེའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་ཀྱི་བྱེད་སྒོའི་རྣམ་གཞག་གང་འདྲ་ཡོད་མེད་བཅས་ཀྱི་སྐོར་ནས་བསྡུ་སྒྲིག་བྱེད་བཞིན་ཡོད། དེ་ཡང་བཙན་བྱོལ་དུ་བཞུགས་པའི་བོད་མི་ཚོར་བོད་ནང་གི་བོད་མི་ལྟར་རྒྱ་གཞུང་གིས་གནོན་ཤུགས་མེད་པར་བརྟེན། ཁོར་ཚོར་བཅར་འདྲི་བྱེད་བཞིན་ཡོད། གཞན་ཡང་ངག་རྒྱུན་ལོ་རྒྱུས་དེ་དག་དབྱིན་ཡིག་དང་དབྱིན་སྐད་ཐོག་བསྒྱུར་སྒྲིག་བྱས་ནས། ང་ཚོས་ངའི་མིག་གིས་མངོན་སུམ་མདུན་དུ་ཞེས་པ། With My Own Eyes (Eyewitness Accounts from Tibet’s Elders) ཆུ་ཚོད་ཕྱེད་ཀའི་བརྙན་ཐུང་ཞིག་ཀྱང་བཟོ་སྐྲུན་བྱས་ནས་འགྲེམས་སྤེལ་བྱས་ཡོད། འདིའི་ནང་དོན་གཙོ་བོ་བོད་མི་རྒན་རབས་ཚོ་བོད་ནང་དུ་གཞོན་ནུའི་སྐབས་ཀྱི་ཚོར་སྣང་གསོན་པོ་དག་དང། སྙིང་ལ་ན་ཟུག་སྟེར་བའི་རྒྱ་ནག་གི་བཙན་འཛུལ་སྐབས་ཀྱི་གནས་སྟངས་བཅས་གསལ་སྟོན་བྱས་ཡོད།

དྲི་བ། ད་བར་དུ་ངག་རྒྱུན་ལོ་རྒྱུས་ཀྱི་དཔེ་དེབ་གྲངས་ག་ཚོད་པར་སྐྲུན་བྱས་ཡོད་པ་རེད།
ལན། བོད་ཀྱི་ངག་རྒྱུན་ལོ་རྒྱུས་དཔེ་དེབ་དབྱིན་ཡིག་ཐོག་གྲངས་བཅུ་འདོན་འགྲེམས་ཟིན་པ་དང། དཔེ་དེབ་རེར་ཤོག་གྲངས་༥༤༢ ཙམ་རེར་ཡོད། ད་དུང་དེབ་གྲངས་ལྔ་ཙམ་གྱི་རྒྱུ་ཆ་ཡིག་ཐོག་ཏུ་ཕབ་བསྒྱུར་བྱས་ཟིན་ཡིན། རྩ་བའི་ངག་རྒྱུན་ལོ་རྒྱུས་ཀྱི་དཔེ་དེབ་དང་འོད་སྡེར་དེ་དག་སྐུ་སྒེར་ཡིག་ཚང་དང་འཛམ་གླིང་ནང་གི་དཔེ་མཛོད་ཆེ་ཤོས་ཨ་རིའི་རྒྱལ་ཡོངས་US Library of Congress དཔེ་མཛོད་ཀྱིས་མཚོན་འཛམ་གླིང་ཤར་ནུབ་ཀྱི་དཔེ་མཛོད་ཁང་ཁག་དང། གཙུག་ལག་སློབ་གཉེར་ཁང་ཁག དེ་མིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་མཚོན་བཙན་བྱོལ་སྤྱི་ཚོགས་ནང་གི་དཔེ་མཛོད་དང་སློབ་གཉེར་ཁང་བཅས་གྲངས་ཉེར་ལྔ་ཙམ་གྱི་ནང་དུ་རིན་མེད་ཐོག་འགྲེམས་སྤེལ་ཞུས་དང་ཞུ་བཞིན་ཡོད་པ་མ་ཟད། ཨ་རིའི་རྒྱལ་ཡོངས་དཔེ་མཛོད་ཁང་གིས་ང་ཚོའི་ལས་གཞི་འདི་ལ་དགའ་བསུ་དང་རྒྱབ་སྐྱོར་ཚད་མཐོ་བྱེད་ཀྱི་ཡོད། དེ་བཞིན་ལས་གཞི་འདི་གཏན་འཇགས་རྒྱུན་སྐྱོང་གནང་ནས་འབྱུང་འགྱུར་འཛམ་གླིང་གི་མི་རབས་གསར་པ་ཚོ་དང་། དམིགས་བཀར་བོད་ཀྱི་མི་རབས་གསར་པ་ཚོར་ངག་རྒྱུན་ལོ་རྒྱུ་འདི་མཐོང་རྒྱུ་ཡོད་པ་ཞིག་བྱེད་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད།

དྲི་བ། ལས་གཞི་འདི་དང་འབྲེལ་ད་བར་བཙན་བྱོལ་ནང་དུ་བཞུགས་པའི་རྒན་རབས་ག་ཚོད་ལ་བཅར་འདྲི་བྱེད་ཐུབ་པ་བྱུང་ཡོད།
ལན། ལས་གཞི་འདིས་ཆེད་ད་ལྟའི་བར་རྒྱ་བལ་གཉིས་དང། དེ་བཞིན་ཨ་རི་དང། ཁེ་ན་ཌ་བཅས་ནས་བོད་མི་རྒན་རབས་བོད་ནང་དུ་ལུང་པ་འདྲ་མིན་ནས་ཕེབས་ཤིང་མི་ཚེའི་གནས་སྟངས་འདྲ་མིན་ཐོག་འཚོ་གནས་བྱས་ཡོད་པ་དང་། དམིགས་བསལ་བླ་མ་དགེ་བཤེས་དང་བོད་ནང་གི་ཆབ་སྲིད་བཙོན་པ་ཧ་ཅང་གི་དཀའ་ངལ་ཚད་ལས་བརྒལ་བ་མྱངས་མཁན་ཁག་གཅིག་བཅས་ད་ལྟའི་བར་ཁྱོན་བསྡོམས་མི་གྲངས་ ༢༧༨ ཙམ་ལ་སོ་སོའི་མི་ཚེའི་མྱོང་བ་འམ་དངོས་བྱུང་མཐོང་ཐོས་དང་འབྲེལ་ནས་བཅར་འདྲི་ཁག་བརྙན་འཁོར་ནང་ཕྱོགས་གཅིག་ཏུ་སྒྲིག་སྦྱོར་བྱས་ཡོད།
དྲི་བ། ལས་གཞི་འདི་འགོ་འཛུགས་གནང་ནས་ཁྱེད་རང་གི་འགན་ཁུར་རྐང་ལེན་ཞུས་ཏེ་ད་ཕན་ལོ་ག་ཚད་ཕྱིན་སོང་།
ལན། རྩ་བའི་ལས་གཞི་འདི་༧གོང་ས་མཆོག་གི་བཀའ་འབྲེལ་འོག་འགོ་འཛུགས་ཕྱི་ལོ་ ༢༠༠༣ ནས་བྱུང་འདུག འོན་ཀྱང་ཨ་རི་ཁུལ་ནས་མི་གྲངས་གསུམ་ཙམ་ལས་དེ་དུས་བཀའ་འདྲི་ཞུ་ས་བྱུང་མི་འདུག དེ་རྗེས་༢༠༠༦ ཙམ་ནས་ང་དང་འབྲེལ་བ་བྱུང་ནས་རྒྱ་གར་ནང་སྦེལ་ཀོབ་ཏུ་འགོ་འཛུགས་ཞུས་ཏེ་ད་ཕན་མི་ལོ་བཅུ་ཙམ་རིང་ངས་འགན་འཁུར་ཞུས་ནས་གོང་གསལ་མི་སྣ་ཁག་ལ་བཅར་འདྲི་དང་འབྲེལ་དྲ་རྒྱ་དང་དཔེ་དེབ་དེ་དག་བཟོ་སྐྲུན་བྱེད་ཐུབ་པ་བྱུང་ཡོད་པ་རེད་ལ། རྩ་བའི་ཚོགས་པ་འདིའི་འགན་འཛིན་ནམ་འགོ་འཛུགས་བྱེད་པ་པོ་Dr. Marcella Adamski མཆོག་གིས་བོད་མི་རིགས་ལ་བཅངས་པའི་སེམས་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་རེད།
དྲི་བ། ལས་གཞི་དེའི་སྐོར་ལ་བོད་གཞུང་གིས་ངོས་ནས་རྒྱབ་སྐྱོར་དང་མཐུན་འགྱུར་ག་ཚོད་ཡོད་དམ།
ལན། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྐུ་ངོ་སྤེན་པ་ཚེ་རིང་མཆོག སྐུ་སྒེར་དྲུང་ཆེ་མཆོག་བཅས་ནས་ལས་གཞི་འདི་ལ་བསྔགས་བརྗོད་དང་འབྲེལ་ངོས་སྦྱོར་རྒྱབ་གཉེར་ཡིག་ཐོག་གནང་བ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས་བཅར་འདྲི་ཞུས།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 221

Leave a Reply