ལྔ་དང་ལྔ་བཅུའི་འཆར་སྣང་ལ་དྲུག་དང་དྲུག་ཅུའི་ཁ་སྣོན།

སྟག་ལྗོངས་འཆི་མེད། ( སྨར་འཐོར་རླུང་། )

ངས་བོད་ཀྱི་སྐད་ཡིག་འདི་འཇིག་རྟེན་སྤྱི་ཡོངས་ལ་གལ་ཆེ་རབས་དང་། བོད་ཀྱི་སྐད་ཡིག་གི་ལམ་ནས་འཆི་འགྲོ་དུས་ས་ཆ་སྐྱིད་པོ་ཞིག་ཏུ་འཕེན་ཐུབ་ཀྱི་རེད་ཅེས་འདོད་ཀྱི་མེད།
ཤཱཀྱ་ཐུབ་པས་ལྷ་དང། ཀླུ། གནོད་སྦྱིན། གྲུལ་བུམ། མི་བཅས་ཀྱི་སྐད་དུ་ཆོས་བཤད་ཡོད་ཅེས་ཟེར་སྲོལ་རྙིང་བ་ཞིག་ཡོད། འོན་ཀྱང་སྐབས་དེར་ཤཱཀྱ་ཐུབ་པས་སྨྲ་བའི་མི་སྐད་དེ་ག་འདྲ་ཞིག་ཡོད་མེད་དང་། ཉན་མཁན་གྱི་གྲལ་ན་སུ་དང་སུ་ཡོད་མེད་ཁྱེད་ཚོས་བསམ་བློ་རེ་བཏང་མྱོང་ངམ། ཁོང་བྱིས་པ་ཡིན་དུས་སྐད་རིགས་དྲུག་ཅུ་ལྷག་སྦྱངས་ཡོད་པའི་བདེན་དཔང་ཡོད་ཀྱང་། སྦྱངས་པ་དེ་དག་ནི་མི་སྐད་ཁོ་ན་ཡིན་རབས་ཡོད། ཧ་ལས་ནའང་སྐད་ཡིག་དེ་དག་རྒྱ་གར་དང་བལ་ཡུལ་ཀྱི་གྲོང་གསེབ་སོ་སོའི་སྐད་ཡིན་སྲིད། སྐབས་དེར་སྐད་གྲགས་ཆེ་ཤོས་ཡིན་པའི་སྐད་ནི་ལེགས་སྦྱར་( སཾསྐྲྀཏའི་ ) རེད། ལེགས་སྦྱར་རམ་སཾསྐྲྀཏའི་སྐད་ཟེར་བ་དེ་ཡང་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གིས་ཐུན་མོང་དུ་བེད་སྤྱོད་བྱེད་མྱོང་བའི་སྐད་རིགས་ཤིག་གཏན་ནས་མ་རེད། བཤད་སྟངས་ཅི་འདྲ་བྱས་ནའང་ལེགས་སྦྱར་གྱི་སྐད་དེ་ཡང་གྲོང་གསེབ་ཅིག་གི་སྐད་རེད་ལབ་དགོས། སྤྱིར་སྟངས་ལེགས་པར་སྦྱར་བའང་ལེགས་སྦྱར་ཟེར་བ་ནི་རྒྱ་གར་གྱི་རྒན་པོ་ཁག་གིས་བཤད་སྟངས་ལྟར་བྱས་ན། ལུང་སྟོན་པའང་བརྡ་སྤྲོད་པའི་གཞུང་དང་མཐུན་པར་སྨྲ་བའི་སྐད་ཅིག་ལ་ལེགས་སྦྱར་རམ་སཾསྐྲྀཏའི་སྐད་ཟེར། དེ་ནི་འཇིག་རྟེན་མི་ཆོས་དང་མཐུན་པའི་འགྲེལ་བཤད་རྒྱག་སྟངས་རེད། དེས་ན་བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་རྟགས་( དག་ཡིག་ ) དང་མཐུན་པར་བཤད་པའི་སྐད་ལ་བོད་ཀྱི་ལེགས་པར་སྦྱར་བའི་སྐད་ཟེར་དགོས། སྤྱིར་བོད་ཀྱི་སྐད་དང་། བོད་ཀྱི་ལེགས་སྦྱར་གྱི་སྐད་གཉིས་སོ་སོར་དབྱེ་དགོས་ལ། གནའ་བོ་རྒྱ་གར་གྱི་ཡུལ་ནའང་ལེགས་སྦྱར་གྱི་སྐད་དང་། ཡུལ་མིའི་སྐད་ཅེས་སོ་སོར་ཕྱེས་ནས་བཤད་ཡོད། གང་ལྟར་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་ནི་བོད་ཀྱི་ཡུལ་ཙམ་དུ་མ་ཚད། རྒྱལ་ཁབ་ཀྱི་དབང་དུ་བྱས་ན་གཙོ་ཆེ་བ་རྒྱ་གར།  འབྲུག ། བལ་ཡུལ། སོག་པོ། རྒྱ་ནག་སོགས་ཡོད་པས་བོད་སྐད་ཀྱི་འཕྲིན་ལས་ཀྱང་ཆུང་ཆུང་རེད་ཟེར་རྒྱུ་མེད། རྒྱལ་ཁབ་དེ་དག་གི་ནང་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་དགོས་པའི་དམིགས་ཡུལ་མི་འདྲ་བ་ཡོད་སྲིད། གྲངས་ཀྱི་ཆ་ནས་བཤད་ན་བོད་པའི་གྲངས་འབོར་གྱིས་བོད་སྐད་བེད་སྤྱོད་བྱེད་མཁན་གྲངས་འབོར་གྱི་བརྒྱ་ཆ་བཅུ་ཙམ་ཡང་ཟིན་གྱི་མེད་སྐོར་མཁས་པ་ཚོས་བཤད་ཀྱི་ཡོད། ཀླད་མེད་ང་ཚོ་འདྲ་བ་ཚོའི་དུས་སུ་བོད་པ་ནང་ཁུལ་ནས་བོད་ཀྱི་སྐད་ཡིག་གི་མ་རྩ་བོར་སོང་ན་ངོ་ཚ་དེ་ལས་ཆེ་བ་ཞིག་མེད་ངེས། རྒྱལ་ཁབ་གཞན་ཞིག་ཏུ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཞིག་ལྷག་ཡོད་ནའང་དེ་ཡི་ཚེ་དེའི་དུས་སུ། རྒྱལ་ཁབ་དེ་དག་གིས་ཐ་ན་སྐད་ཡིག་འདི་བོད་པའི་སྐད་ཡིག་ཡིན་པ་དང་གལ་ཆེན་པོ་དང་དོན་ཆེན་པོ་ཡིན་རབས་ཙམ་ཡང་གླེང་གི་ཡོད་མེད་ཁ་ཚོན་གཅོད་དཀའ་མོ་རེད། དེ་འདྲ་ཞིག་གླེང་བའི་དབང་དུ་བྱས་ནའང་དེས་ང་ཚོར་ཅི་ཡང་མི་ཕན།

ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ན་བོད་ཕྲུག་ཚོའི་ཁ་ནས་གསལ་བྱེད་སུམ་ཅུ་ལས་ ཅ། ཏ། ཙ། ཛ། ཝ། ར། འདི་དག་གི་སྒྲ་གསལ་པོར་ཀློག་པར་དཀའ་ལས་འདུག་པས་ལྔ་དང་ལྔ་ཅུའི་ཐོག་ལ་གསལ་བྱེད་དྲུག་དང་། ཀ་དང་གའི་སྒྲ་སོ་སོར་ཀློག་རྒྱུ་དང་། ཅ་དང་ཇ། ཏ་དང་ད། ཏ་དང་ཐ། པ་དང་བ། ཞ་དང་ཤ། ཝ་དང་འ། ད་དུང་མགོ་ཅན་རྟ་དང་རྐྱང་པ་ཏ་གཉིས་ཀྱི་སྒྲ་དྲག་ཞན་གྱི་ཁྱད་པར། ཡི་གེ་ཕོ་མོ་མ་ནིང་སོ་སོར་ཀློག་དུས་སྒྲ་དྲག་ཞན་སོ་སོར་ཡོང་གི་ཡོད་པ་སུམ་རྟགས་གཞུང་ལས་གསལ་པོར་ཡོད་ཀྱང་དེ་དག་ནི་དེང་སང་བེད་སྤྱོད་མེད་པར་གྱུར་ཟིན། དབྱངས་བཞི་ལས་གི་གུ་དང་འགྲེང་བུ་གཉིས་སྒྲ་གཅིག་ཏུ་བརྩིས་པ་དང་། ཞབས་ཀྱུ་དང་ན་རོ་གཉིས་སྒྲ་གཅིག་པར་བཀླགས་པ་སོགས་ང་ཚོའི་སྐད་ཡིག་ལ་ལྟས་ངན་གྱི་ན་ཚ་དྲུག་ཅུ་ལས་ལྷག་པ་ཞིག་འདུག་པས་འདི་ཚོའི་ཚེ་སྲོག་གི་རྒྱུ་བ་སྐྱོབ་ཐུབ་པའི་སྨན་མཆོག་ཅིག་ཀྱང་ཁ་སྣོན་གང་མགྱོགས་དགོས་གལ་མཐོང་། ང་ཚོའི་སྐད་ཡིག་འདི་ཡང་། བརྗོད་པ་སོ་སོའི་སྒྲིག་དང་། ཚིག་གི་ནུས་པ། དོན་གྱི་གོ་བ། སྒྲའི་གདངས་སོགས་ཁྱད་ཆོས་མི་འདྲ་བ་མང་དག་ཅིག་ཡོད་པ་དེ་ཚོ་ཆ་ཚང་བ་ཞིག་གི་ཐོག་ནས་བདག་པོ་རྒྱག་དགོས་པ་ལས་དེ་ལྟར་མ་བྱུང་ན་ཡོད་པ་ལས་མེད་ན་དགའ། འཆི་ངེས་པའི་ནད་པ་ཞིག་ལོ་གཅིག་ལ་བསྡད་ཀྱང་ཟས་གོས་གནས་མལ་སོགས་ཀྱི་འགྲོ་སོང་ལྷག་མ་ཙམ་ལས་དོན་དག་གཞན་མེད་པ་ལྟར་ཡིན།

ཁོ་བོས་གཞན་དུ་བྲིས་ཡོད་པ་ལྟར་སྐད་ཡིག་གི་འཆི་རྐྱེན་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་གལ་ཆེ་ཤོས་དེ་ནི་ཆབ་སྲིད་ཀྱི་བཙན་དབང་ལས་སྐད་ཡིག་གང་ཞིག་བེད་སྤྱོད་བྱ་མི་ཆོག་པ་དང་། སྐད་ཡིག་དེར་མི་རིགས་སོ་སོས་མཐོང་ཆེན་མི་བྱེད་པའི་ལྟས་ངན་དེ་གཉིས་རེད། དེ་གཉིས་ཀྱི་ནང་ནས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་མི་རིགས་རང་ཉིད་ཀྱི་མཐོང་ཆེན་མི་བྱེད་ནས། བོད་པ་ནང་ཁུལ་ནས་བོད་སྐད་བཤད་པར་ངོ་ཚར་བརྩིས་བ་དང་། བོད་སྐད་གཙང་མ་བཤད་མཁན་དག་ནི་སྐད་ཡིག་གཞན་གང་ཡང་མི་ཤེས་མཁན་ཞིག་ཏུ་ལྟ་བ། བོད་ཀྱི་སྐད་ཡིག་ལ་བརྟེན་ནས་འཚོ་མི་ཐུབ་ཟེར་བ་སོགས་ནི་དཔེ་མཚོན་ཙམ་རེད། ཐ་ན་བོད་རིགས་ནང་ཁུལ་ནས་བོད་སྐད་གཙང་མ་བཤད་དགོས་རེད་ཟེར་མཁན་ཚོས་སྐྱག་པ་ཟོ་ཟེར་བ་ལྟ་བུ་ནི་ལྟས་ངན་ནང་གི་ལྟས་ངན་ཡིན་པས། བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཚ་ཡོད་མཁན་གྱི་ལྷ་འདྲེ་སུ་ཡོད་ནའང་ད་ནི་རྟགས་མཚན་འདྲ་ཞིག་སྟོན་དགོས་གལ་མཐོང་།

སྐད་ཡིག་གིས་མི་རིགས་ཀྱི་གནས་བབ་མཚོན་ཐུབ་ཟེར་གྱིན་ཡོད་པས་ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱེད་དགོས་ལ། ལྷག་དོན་ང་ཚོའི་མི་རིགས་འདི་འཇིག་རྟེན་འདིར་གནས་དང་མི་གནས་ཀྱི་རྩ་བ་སྐད་ཡིག་ལ་ཐུག་ཡོད་པ་དེ་བསྙོན་དུ་མེད་པའི་འགན་འཁྲི་ཞིག་ཡིན་པ་ཚང་མའི་མཁྱེན་དགོས།

ང་ཚོའི་སྐད་ཡིག་གི་གནད་དོན་དེ་མི་རབས་གསར་པ་ཚོའི་ཀླད་པའི་ནང་དུ་འགྲེམས་སྟོན་ཁང་ནང་གི་དངོས་རྫས་ལྟ་བུ་ཞིག་ཏུ་གྱུར་སོང་ན་འགྲིག་གི་མེད་ལ། ཀ་ངོ་མི་ཤེས་པའི་ཨ་མ་རྒན་མོ་ཞིག་གི་ཞལ་འདོན་གྱི་རྒྱུ་ཆ་ཙམ་ཏུ་གྱུར་སོང་ན་དེ་བས་མི་འགྲིག ། མདོར་ན། སྐད་ཡིག་གི་ངོ་བོ་དང་། རྣམ་པ། བྱེད་ལས། གྲངས་སོགས་ཡོད་ཚད་མི་རབས་གསར་པ་ཚོའི་སེམས་ལ་ཁྲིགས་སེ་ཡོད་པ་ཞིག་བྱ་དགོས། དེ་ལྟར་བྱུང་སོང་ན་རང་རེའི་བོད་ཀྱི་ལོ་རྒྱུས་ནང་སྐད་གསར་བཅད་བྱས་པའི་དགོས་པ་སོགས་ཀྱང་ཤེས་རྟོགས་བྱེད་ཐུབ།

ནམ་ཡང་ང་ཚོ་བྱུང་རབས་ལ་འགན་མི་ཁུར་བའི་བོད་མི་རིགས་ཀྱི་མི་རབས་ཤིག་གི་ངོ་བོར་འགྱུར་མི་ཉན་པས་གནས་བབས་གང་འདྲ་ཞིག་ཏུ་བསླེབས་པ་དང་། ཉེན་ཁ་ཅི་འདྲ་ཞིག་བྱུང་ནའང་ང་ཚོའི་མེས་པོ་དག་གི་རླབས་ཆེན་གྱི་ལག་རྗེས་ལ་ངོས་འཛིན་བྱེད་ཤེས་པའི་མི་རབས་ཤིག་གི་གཞི་རྩའི་རང་བཞིན་དེ་བརླག་མི་ཉན། ང་ཚོས་མིག་དཔེ་བཟང་པོ་ཞིག་བསྟན་རྒྱུ་དང་། འགན་ཡག་པོ་ཞིག་ཁུར་མ་ཐུབ་ཚེ་འབྱུང་འགྱུར་གྱི་བྱུང་རབས་ལ་འགན་ཁུར་དགོས་པའི་གཏམ་ངོ་ཚ་མེད་པ་ཞིག་མི་རབས་གསར་པ་ཚོར་བཤད་རྒྱུའི་སྤོབས་པ་ག་ནས་ཡོད།

མཐའ་དོན། ང་ཚོའི་སྐད་ཡིག་གིས་ལེགས་སྦྱར་གྱི་སྐད་ཡིག་དང་འགྲན་ཐུབ་ཀྱི་ཡོད་པ་དང་། ནུབ་ཕྱོགས་པ་སོགས་མི་རིགས་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་སྦྱོང་གི་ཡོད་པ་སོགས་བཤད་ནས་མི་འདུག་པར། ང་རང་ཚོའི་ནོར་ལ་ང་རང་ཚོས་བདག་གཅེས་བྱེད་དགོས་ཟེར་རྒྱུ་ནི་གནད་ཀྱི་སྙིང་པའོ།། །།

Print Friendly, PDF & Email
Share on Facebook23Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 348

Leave a Reply