ལྕམ་ནེན་སི་པི་ལོ་སིས་སྣེ་ཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་དྷ་སར་འབྱོར་བ།

ཟླ་འདིའི་ཚེས་༨ ཉིན་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པི་ལོ་སིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་དུ་ཕེབས་ནས་ཁུལ་དེའི་འཇོ་ལ་ཁེལ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་འདུག

tibet.net

དེ་ཡང་འཚམས་གཟིགས་ཀྱི་དགོས་དམིགས་གཙོ་བོ་ས་གནས་བོད་མིའི་བདེ་སྡུག་ལ་གཟིགས་ཞིབ་ཆེད་ཡིན་པ་དང་། ལྷག་པར་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་ཚོར་བལ་ཡུལ་གཞུང་གིས་སྐྱབས་བཅོལ་ལག་འཁྱེར་དང་སྡོད་ཁང་ལག་འཁྱེར་སོགས་མ་སྤྲད་པའི་དཀའ་ངལ་དེ་དག་གསལ་རྟོགས་སླད་ཕེབས་པ་ཡིན་སྐོར་ལྕམ་པེ་ལོ་སིས་གསུངས་ཡོད་པ་རེད། སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ཐེངས་འདིར་བལ་ཡུལ་ནང་གི་བོད་མིའི་དགོན་སྡེ་དང་གཞིས་ཆགས་ཀྱི་ལག་ཤེས་བཟོ་ལས་ཁང་སོགས་ལའང་འཚམས་གཟིགས་གནང་ཡོད་པ་རེད།

ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེ་ཟླ་འདིའི་ཚེས་༩ ཉིན་ལྡི་ལི་ནས་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཨུ་དཀར་ཚང་སྐལ་རྡོར་ཨུ་དཀར་ཚང་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན།

དེ་ནས་དྷ་སར་ཕེབས་ཏེ་ཐད་ཀར་༸གོང་ས་མཆོག་གི་ཕོ་བྲང་ནང་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་དང་། དེ་རྗེས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་མཚམས་གཟིགས་གནང་སྟེ། བཀའ་ཤག་ལྷན་ཁང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་དང་མཇལ་འཕྲད་གནང་ཡོད་པ་རེད།

tibet.net

དེ་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་བརྒྱད་ནི། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་ Nancy Pelosy དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་ Eliot Engel གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་ Jim Sensenbrenner གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern གྲོས་ཚོགས་འོག་མའི་འཐུས་མི་ལྕམ་བྷེ་ཊི་མེག་ཀ་ལམ་ Betty McCollum གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཇོ་སི་བྷི་ཊི་ Joyce Beatty གྲོས་ཚོགས་འོག་མའི་འཐུས་མི་ལྕམ་པར་མི་ལཇ་ཡ་པཱལ་ Pramila Jayapal   གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇུ་ཌི་ཅུ་ Judy Chu བཅས་ཡིན་འདུག
ཟླ་འདིའི་ཚེས་༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། སྐུ་ཚབ་སྣམས་ལ་སྣེ་ལེན་གྱིས་གཞུང་འབྲེལ་མཛད་སྒོ་ཞིག་འཚོག་གི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Share on Facebook539Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 655

Leave a Reply