ལྕམ་ཨང་སན་སུ་ཅི་ཡི་གསང་བ་གང་ཡིན་སྲིད།

–  སྐལ་བཟང་དོན་གྲུབ།

 

ཉེ་བའི་ཆར་འབར་མ་རྒྱལ་ཁབ་ནང་གི་རུང་གྷི་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་རྒོལ་གྱི་གནས་ཚུལ་ཆེན་པོ་ཁྱབ་བཞིན་པ་དང་བསྟུན། རྒྱལ་སྤྱིའི་ནང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཨང་སན་སུ་ཅི་ལ་རེ་བ་བཅོལ་མཁན་མང་པོ་བྱུང་ཡོད་ཀྱང་། འདས་པའི་ལོ་ཤས་ལྟར་མོས་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་རྒོལ་གྱི་གནད་དོན་ཐད། རྒྱལ་སྤྱིའི་མི་མང་ཚོའི་འདོད་མོས་ལྟར་བསྒྲགས་གཏམ་ཞིག་སྤེལ་མེད་པ་རེད།

དེ་ཡང་ཉེ་བའི་ཆར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ལྕམ་ཨང་སན་སུ་ཅི་དང་ཏུར་ཀིའི་སྲིད་འཛིན་གཉིས་བར་བཀའ་མོལ་བྱུང་རྗེས། མོས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་། འབར་མའི་རྒྱལ་ཁབ་ནང་འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་དེ་མེད་པ་བཟོ་རྒྱུའི་འདུན་སེམས་བརྟན་པོ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ཁ་ཆེ་རུང་གྷི་ཡ་མི་རིགས་ལ་དྲག་རྒོལ་གྱི་གནས་ཚུལ་རྫུན་མ་མང་པོ་ཞིག་ཁྱབ་བཞིན་པ་དེས། འཇིགས་སྐུལ་རིང་ལུགས་པར་རམ་འདེམས་བྱེད་ཀྱི་ཡོད་པ། དེ་བཞིན་མོའི་སྲིད་གཞུང་གིས་ཁ་ཆེ་མི་རིགས་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཡོང་ཆེད་ལས་ཀ་སྔོན་ཚུད་ནས་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག

བསྒྲགས་གཏམ་དེ་ལ་གཞིགས་ན། ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་རྒོལ་དང་དམར་གསོད། བཙན་གཡེམ། ས་ཁང་མེར་སྲེག་སོགས་ཀྱི་གནད་དོན་དེ་ནི་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་བྱེད་པའི་བརྒྱུད་རིམ་གྱི་ཆ་ཤས་ཤིག་ཡིན་པའི་དོན་གོ་ཡི་འདུག དེ་བཞིན་མོའི་སྲིད་གཞུང་གིས་ཐེངས་འདིའི་དྲག་རྒོལ་དེ་འགོ་བཙུགས་མཁན་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཡིན་སྐོར་གྱི་ཉེས་འཛུགས་བྱས་འདུག་ཀྱང་། འབར་མའི་དམག་མི་དང་འཇིགས་སྐུལ་རིང་ལུགས་གཉིས་བར་གྱི་འཐབ་རྒོལ་ཁྲོད། མི་མང་དཀྱུས་མ་རྣམས་ཀྱི་ལས་དབང་ལ་སེམས་ཁུར་མེད་དོན་ཅི་ཡིན་གསལ་པོ་མེད་པ་རེད།

འདས་པའི་ལོ་ཟླའི་ནང་༧གོང་ས་མཆོག་གཙོས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་གྲགས་ཅན་མང་པོ་ཞིག་གིས། ལྕམ་ཨང་སན་སུ་ཅི་དང་མཉམ་སྦྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ལ། འབར་མའི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ལ་སེམས་ཁུར་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ལྕམ་ཨང་སན་སུ་ཅི་ཡིས་ད་བར་དྲག་རྒོལ་དེའི་ཐོག་སྐྱོན་བརྗོད་བྱ་རྒྱུ་ཕར་ཞོག ཁ་ཆེ་མི་རིགས་ལ་བཙན་གནོན་དང་དྲག་རྒོལ་གྱི་གནད་དོན་བྱུང་གི་ཡོད་པར་ཡང་ཁས་ལེན་གཙང་མ་བྱེད་མྱོང་མེད་ཁར། མོས་དྲག་རྒོལ་དེ་ཕྱོགས་གཉིས་ཀར་ཡོང་གི་ཡོད་སྐོར་བརྗོད་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས་བལྟས་ན། མོའི་བྱེད་ཕྱོགས་དེར་ཆབ་སྲིད་ཀྱི་རྒྱུ་མཚན་ཡོད་སྲིད་པ་ཡང་རེད། གང་ཡིན་ཟེར་ན་ལྕམ་ཨང་སན་སུ་ཅིའི་སྲིད་དོན་ཚོགས་པས་འབར་མའི་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་བླངས་ནས། མོ་རང་ཡང་རྒྱལ་ཁབ་ཀྱི་སྲིད་བློན་གྱི་གོ་གནས་དང་མཚུངས་པའི་རྒྱལ་ཁབ་ཀྱི་སློབ་སྟོན་པ་ཞེས་པའི་གོ་གནས་ཐོབ་ཡོད་ཀྱང་། གྲོས་ཚོགས་གོང་འོག་གཉིས་ཀ་ནང་ དམག་གི་སྒྲིག་འཛུགས་ཀྱི་འཐུས་མི་མང་པོ་ཞིག་ཟུར་འཇོག་བྱས་ཡོད་པས། འབར་མ་དེ་མང་གཙོའི་རྣམ་པ་ཞིག་ཏུ་གྱུར་ཡོད་ཀྱང་། དམག་མིའི་དབང་ཤུགས་ནི་མུ་མཐུད་དུ་ཤུགས་ཆེན་པོ་གནས་བཞིན་ཡོད་པ་དང། ད་ལྟའི་ཆར་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་རྒོལ་བཙན་གནོན་བྱེད་མཁན་ནི་དམག་མི་ཡིན་པ་དང་། གལ་ཏེ་མོས་བྱེད་ལས་དེ་ལ་སྐྱོན་བརྗོད་བྱས་ཚེ། དམག་གི་སྒྲིག་འཛུགས་ལ་ཁ་གཏད་བཅག་པ་ཆགས་རྒྱུ་ཡིན་པས། མོ་རང་སྒེར་དང་འབར་མའི་ཆབ་སྲིད་བརྟན་ལྷིངས་མེད་པ་ཆགས་ཉེན་ཡོད་པས་ཡིན་སྲིད། དེ་བཞིན་འབར་མ་རྒྱལ་ཁབ་ནང་མི་འབོར་མང་ཤོས་ནི་ནང་པ་ཡིན་པས། གལ་ཏེ་མོས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཛ་དྲག་གི་གནས་སྟངས་ལ་རྒྱབ་སྐྱོར་བྱས་ཚེ། མི་མང་ཕལ་ཆེ་བས་མོ་ལ་རྒྱབ་སྐྱོར་བྱེད་མིན་བརྗོད་དཀའ་བ་དང་། བྱེད་སྟངས་དེས་མོའི་སྲིད་དོན་ཚོགས་པར་སྐབས་རྗེས་མའི་འོས་བསྡུའི་ནང་གྱོང་གུད་ཐེབས་སྲིད་པས། གཅིག་བྱས་ན་མོ་ལ་རང་ཉིད་ཀྱི་སྲིད་དོན་ཚོགས་པའི་གནོན་ཤུགས་ཀྱང་ཡོད་སྲིད་པ་རེད། གང་ལྟར་མོ་ཡི་གནས་སྟངས་ཇི་ལྟར་ཁག་པོ་ཡོད་ཀྱང་། རྒྱལ་སྤྱིའི་ནང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོར་མི་མང་གི་བཅང་བའི་རེ་བ་དང་རྣམ་པ་ནས། ལྕམ་ཨན་སན་སུ་ཅིའི་མར་ཟགས་ཚར་བ་རེད།

དེ་སྔོན་མོས་སྔར་འབར་མ་རྒྱལ་ཁབ་དེར་དྲག་པོའི་སྲིད་གཞུང་གི་འཛིན་སྐྱོང་ལམ་ལུགས་མེད་པ་བཟོས་ནས། མང་གཙོའི་ལམ་ལུགས་ཡོང་ཐབས་སུ་དཀའ་ལས་བརྒྱབ་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་དང་། ད་ལྟའི་ཆར་འབར་མ་རྒྱལ་ཁབ་དེར་མང་གཙོའི་རྣམ་པ་ཅན་གྱི་ལམ་ལུགས་ཤིག་ཀྱང་བྱུང་ཡོད་པ་རེད་དེ། མང་གཙོའི་ལམ་ལུགས་དེའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཀྱི་བདེ་སྡུག་ཚུད་ཀྱི་མེད་པ་འདྲ་བར་སྣང་། དེ་བཞིན་འབར་མའི་མི་མང་མང་པོས་རུང་གྷི་ཡེ་ཁ་ཆེ་བ་རྣམས། རྒྱལ་ཁབ་དེའི་མི་སེར་རྩིས་ཀྱི་མེད་པ་ལྟར། མོས་ཀྱང་དེ་ལྟར་ངོས་འཛིན་བྱས་ཏེ། དམག་མིས་འབར་མའི་ནང་ཁ་ཆེ་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དེས། རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལམ་དེ་རྩོད་རྙོག་བྲལ་བ་ཡོང་རྒྱུའི་རེ་བ་བཅང་གི་ཡོད་སྲིད་པ་རེད།

ཁག་ཅིག་གིས་མོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཕྱིར་བསྡུ་བྱེད་དགོས་སྐོར་བརྗོད་ཀྱི་ཡོད་པ་རེད་དེ། དེ་ལྟར་ཡོང་ཐུབ་མིན་མི་ཤེས་ཏེ། མོ་ལ་ཐོབ་པའི་གཟེངས་རྟགས་དེ་ལོ་རྒྱུས་ནང་དུ་འཁོད་ནས་ལྷག་སྲིད་པ་ལས། དེ་དང་མཉམ་དུ་ཡོད་པའི་ཆེ་མཐོང་ལྡན་པའི་ངོས་འཛིན་དེ་མེད་པ་འགྱུར་བཞིན་པ་རེད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 426

Leave a Reply