ལྡི་ལིའི་དོན་གཅོད་ནང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཅིག་བསྐོས་འདུག

ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་འགན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་ཁུར་བཞིན་ཡོད་པ་དང་། ཉེ་ཆར་དམིགས་བསལ་གྱིས་བཀའ་ཟུར་བསྟན་པ་ཚེ་རིང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ལ་ལྡི་ལིའི་དོན་གཅོད་ནང་བསྐོས་ཡོད་པ་དང། དེ་ནི་དོན་གཅོད་ཁག་ནང་ཟུར་དུ་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བསྐོས་པ་ཐོག་མ་ཆགས་ཀྱི་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་ཏེ། སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ཉིན་བརྒྱད་པར། ཕྱི་དྲིལ་ལས་ཁུངས་དང་དོན་གཅོད་ཁག་གི་ལས་བསྡོམས་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེས་སྒྲོགས་སྦྱང་། ལས་བསྡོམས་ཐོག་བགྲོ་གླེང་སྐབས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས། ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་། ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ཀྱི་ཕྱག་ལས་གནང་ཕྱོགས་དང་འབྲེལ་ནས་དྲི་བ་གནང་དོན། “དཔལ་ལྡན་སྲིད་སྐྱོང་གིས་སྔོན་མ་སྲིད་སྐྱོང་གནང་སྐབས། ཆིག་སྒྲིལ། གསར་བཏོད། རང་ཁ་རང་གསོ་རེད། དེ་དང་འབྲེལ་བའི་ཐོག་ནས་ན་ནིང་འོས་བསྡུ་ཆེན་མོའི་སྐབས་གནད་དོན་ཆེན་པོ་ཞིག་བྱུང་རེད། དཔལ་ལྡན་སྲིད་སྐྱོང་གི་ཁ་གཏད། དེའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དཔལ་ལྡན་སྲིད་སྐྱོང་གིས་བཀའ་ཤག་ནང་ཕྱག་ལས་གནང་སྟངས་མ་འགྲིག་པའི་ཐོག་ནས་མར་ཐོན་སོང་བའི་བདེ་སྲུང་བཀའ་བློན། དེ་ཚོ་དཔལ་ལྡན་སྲིད་སྐྱོང་གིས་སྐབས་བཅོ་ལྔ་པའི་བཀའ་ཤག་དང་ཕྱི་དྲིལ་བཀའ་བློན་གྱི་འགན་ཁུར་རྗེས། དོན་གཅོད་རིམ་པར་བསྐོས་ཡོད་རེད། དེ་ཚོ་མཐུན་སྒྲིལ་ཐོག་གལ་ཆེན་པོ་ཡིན་གྱི་རེད་དྲན་གྱི་འདུག ཁོང་རྣམ་གཉིས་ང་ཚོའི་སྤྱི་ཚོགས་ནང་གནད་འགག་ཆེན་པོ་དང་བྱས་རྗེས་ཆེན་པོ་ཡོད་པའི་མི་ཞིག་ཡིན་དུས།  བསྐོས་པ་དེ་འགྲིག་འདུག་བསམ་པའི་ཚོར་སྣང་ད་ལོ་སྐྱེ་ཡི་འདུག་པེ། དེ་ནས་སྐབས་དེར་སྲིད་སྐྱོང་དང་ཁ་ཐུག་གདོང་ཐུག་བྱེད་མཁན་དེའི་རྗེས་འབྲང་ཚོ། དཔལ་ལྡན་སྲིད་སྐྱོང་ལ་མ་འཐུས་པ་དང་མ་འདོད་པ་བྱེད་མཁན་ཚོགས་པ་དང་། དྲ་རྒྱ། སྤྱི་ཚོགས་ནང་གླེང་སློང་བྱེད་མཁན་མེད་པ་ཆགས་འདུག་པེ། དེ་ལས་མང་དུ་སོང་འདུག་པའི་ཚོར་སྣང་བྱུང། དེ་བཞིན་ལྡི་ལིའི་དོན་གཅོད་སྐོར་ལ་གོ་ཡ་ཞིག་འདུག གོ་ཡ་ཞིག་འདུག་ཞུས་ཡོད། བཤད་མ་ཤེས་ནས་དེང་སང་མཚན་སྨོད་ཆགས་འགྲོ་བ་མང་པོ་ཡོད་རེད། ད་ལྟའི་ལྡི་ལིའི་དོན་གཅོད་ཀྱིས་རྒྱ་གར་གྱི་གནད་ཡོད་མི་སྣ་ལ་འབྲེལ་བ་གནང་སྟངས་དང་། ཕྱི་རྒྱལ་གཞུང་ཚབ་ལ་འབྲེལ་བ་གནང་སྟངས་ཐོག་ཐུགས་ཁ་མ་ཚིམས་ནས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ལྡི་ལིའི་དོན་གཅོད་ཟུར་པ་དེ་སླར་ཡང་ལྡི་ལིར་བསྐོ་དགོས་པའི་གནས་སྟངས་ཆགས་རེད་ཟེར་བ་ཞིག་འདུག དེ་བདེན་པ་རེད་དང་མ་རེད། བསྐོས་ཡོད་ན་ག་རེའི་ཆེད་དུ་བསྐོས་རེད། ལྡི་ལི་དོན་གཅོད་ལ་རྒྱ་གར་དང་ཕྱི་རྒྱལ་མི་སྣ་དང་འབྲེལ་བ་བྱེད་རྒྱུའི་སྐུ་དབང་དེ་ག་ཚོད་ཆུང་དུ་སོང་ཡོད་རེད་”ཅེས་དྲིས་པར།

སྲིད་སྐྱོང་བློ་བཟང་སེང་གེས་ལན་འདེབས་གནང་དོན། “སྔོན་མ་བཀའ་བློན་ནང་ཞུགས་མཁན་དང་སྲིད་སྐྱོང་འོས་མི་དེ་འདྲ་དོན་གཅོད་ལ་བསྐོས་ནས་འདོད་པ་ཁེངས་སོང་དང་མ་སོང་ཟེར་དུས། ལན་རྒྱག་བདེ་པོ་མི་འདུག བསྐོས་ཚར་རེད། ཕྱག་ལས་གནང་བའི་གྲུབ་འབྲས་རིམ་པས་ཚང་མས་གཟིགས་ཐུབ་པ་ཞིག་རེད། བསྐོས་པ་དེ་མཐའ་མ་དེར་བཀའ་ཤག་གིས་བསྐོས་རེད། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གནང་ཚར་རེད། མ་འོངས་པར་འགྲིག་ན་འགྲིག་སོང་། མ་འགྲིག་ན་འགྲིག་མ་སོང་ཞེས་ཐག་བཅད་ནས་འགྲོ་ཡ་རེད་མ་གཏོགས། བསྟུན་མཁས་བྱས་ན་འཇོག་པ་དེ་འདྲ་མ་རེེད། ད་ལྟ་ཕྱག་ལས་གནང་ནས་འགྲོ་བསྡད་ཡོད་པ་རེད། ལྡི་ལི་སྐུ་ཚབ་ནང་དམིགས་བསལ་དོན་གཅོད་ཟུར་པ་བསྟན་པ་ལགས་དགའ་ལྡ་ཕོ་བྲང་གི་ཚབ་བྱས་ནས་བསྐོས་ཡོད་རེད། གསལ་ཁ་བཏོན་ན། དེ་༧གོང་ས་མཆོག་རྒྱ་གར་ནང་ཆིབས་བསྒྱུར་དང་འབྲེལ་བའི་མཛད་རིམ་ཐོག་ཁོང་གིས་དེ་སྔོན་མཆོག་ཏུ་གྱུར་པ་གནང་ཡོད་དུས། མུ་མཐུད་གནང་ན་ལབ་རེད་མ་གཏོགས། བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་རྒྱ་གར་གཞུང་དང་སྤྱི་ཡོངས་ཀྱི་གཞུང་ཚབ་ཁག་ལ་འབྲེལ་བ་གནང་རྒྱུ་དོན་གཅོད་བརྒྱུད་ནས་གནང་མུས་རེད་མ་གཏོགས། གཞན་གཅིག་གིས་ཕྱག་ལས་གནང་སྟངས་མ་འགྲིག་པའི་རྐྱེན་གྱིས་བསྐོས་བཞག་པ་དགའ་ལྡན་ཕོ་བྲ་གིས་གསལ་བཤད་ཡོད་མ་རེད་ལ། བཀའ་ཤག་གིས་དེ་འདྲར་ངོས་འཛིན་བྱེད་ཀྱི་མེད་”ཅེས་ལན་འདེབས་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1890

Leave a Reply