ལྡི་ལིའི་མཐོ་སློབ་ནང་བརྒྱ་ཆ་༥༣ ལ་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ།

ཧྥོར་ཊི་སི་སྨན་ཁང་གིས་ལྡི་ལིའི་མཐོ་རིམ་སློབ་མ་༡༠༤༤ ལ་བརྟག་དཔྱད་བྱེད་སྐབས་བརྒྱ་ཆ་༥༣ ལ་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་དང་། བརྒྱ་ཆ་༥༡ ལ་ནད་རྟགས་ཐོན་ནས་སྨན་བཅོས་བྱེད་མུས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༡༦ ཉིན་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཧྥོར་ཊི་སི་སྨན་ཁང་གིས་ཟླ་འདིའི་འགོ་སྟོད་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། མཁའ་དབུགས་འབག་བཙོག་ཤིན་ཏུ་སྟུག་པོ་འཐིབས་ནས་དཀའ་ངལ་ཤུགས་ཆེན་བྱུང་བ་དང་སྟབས་བསྟུན་ཏེ། ཟླ་འདིའི་ཕྱི་ཚེས་༦ ནས་༡༡ བར་ལྡི་ལིའི་མཐོ་སློབ་ཁག་ལྔའི་ལོ་༡༨ ནས་༢༤ བར་གྱི་སློབ་མ་༡༠༤༤ ལ་དྲི་བའི་ལམ་ནས། མཁའ་དབུགས་འབག་བཙོག་གི་ངན་འབྲས་ཐད་བརྟག་ཞིབ་བྱས་ཡོད་པའི་ཁྲོད་ནས། ཕྱེད་ཀ་ལྷག་ལ་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག

དེ་ཡང་བརྟག་ཞིབ་བྱེད་སའི་སློབ་མའི་ཁོངས་ནས་བརྒྱ་ཆ་༥༣ ལ་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། བརྒྱ་ཆ་༥༡ ལ་ནད་རྟགས་ཐོན་སྟབས་དེ་དག་ལ་ད་ལྟ་ནད་བཅོས་བྱེད་མུས་ཡིན་འདུག་པ་མ་ཟད། སློབ་མ་༤༢ ཀྱི་གློ་བའི་བྱེད་ལས་ཞན་དུ་སོང་ཡོད་འདུག གཞན་ཡང་བྲང་ཁོག་དམ་པོ་ཆགས་པ་དང་། གློ་རྒྱག་པ། ལུད་པ་ཐོན་པ། དབུགས་བསགས་པ་སོགས་མཁའ་དབུགས་འབག་བཙོག་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་རྒྱུན་ལྡན་ལས་ལྷག་པ་བྱུང་ཡོད་འདུག

ཧྥོར་ཊི་སིའི་སྨན་ཁང་གི་སྨན་པ་ཝི་ཀ་སི་མོར་ཡས་མཐོ་རིམ་སློབ་མ་རྣམས་དེ་འདྲའི་བརྟག་དཔྱད་ཀྱི་ཆ་ཤས་སུ་གྱུར་དགོས་པའིསྐོར་ལ་བརྗོད་དོན་དུ་“བརྟག་ཞིབ་བྱས་པའི་དམིགས་ཡུལ་ནི་མཁའ་རླུང་འབག་བཙོག་དང་། དེས་བསྐྲུན་པའི་ཉེན་ཁའི་ཐད་གོ་རྟོགས་སྔར་ལས་ལྷག་པ་ཡོང་ཐབས་ཀྱི་ཆེད་དུ་ཡིན། ལྡི་ལིའི་རླུང་ཁམས་ནི་ཛ་དྲག་གི་རང་བཞིན་དུ་ཡོད་རེད། སློབ་མ་རྣམས་འདི་འདྲའི་བརྟག་ཞིབ་ཀྱི་ཆ་ཤས་ཆགས་དགོས་ཀྱི་ཡོད་རེད། གང་ཡིན་ཟེར་ན་དེ་ལ་བརྟེན་ནས་མཁའ་རླུང་འབག་བཙོག་གི་དབང་གིས་ཁོ་རང་ཚོའི་འཚར་ལོང་འགོག་གི་ཡོད་པའི་ཤེས་རྟོགས་སྐྱེ་ཐུབ་ཀྱི་རེད་”ཅེས་བརྗོད་ཡོད་འདུག ད་ཐེངས་ཀྱི་བརྟག་ཞིབ་འདྲི་རྩད་བྱེད་ཡུལ་གྱི་སློབ་མ་བརྒྱ་ཆ་༧༢ ལྷག་བུ་ཡིན་ཞིང་། བརྒྱ་ཆ་༢༨ བུ་མོ་ཡིན་འདུག

ཟླ་བ་འདིའི་འགོ་སྟོད་ནས་ལྡི་ལིར་མཁའ་དབུགས་འབག་བཙོག་ཤིན་ཏུ་སྟུག་པོ་འཐིབས་ནས་སློབ་གྲྭ་ཁག་སྒོ་བརྒྱབ་རྒྱུ་དང་། ཚོང་ཟོག་སྐྱེལ་འདྲེན། འགྲིམ་འགྲུལ་འགྲོ་འོང་། ཨར་ལས་འཛུགས་སྐྲུན། ཡུལ་སྐོར་སྤྲོ་འཆམ་ལས་རིགས་སོགས་གནས་སྐབས་སུ་བཀག་སྡོམ་བྱེད་དགོས་ཁེལ་ཡོད་པ་མ་ཟད། ཡུལ་མི་རྣམས་ཀྱི་འགྲོ་སྡོད་ཐད་ཀྱང་དཀའ་ངལ་འཕྲད་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 238

Leave a Reply