ལྡི་ལིར་སྐུ་འདྲ་རྐུ་མཁན་བོད་མི་འཇུ་བཟུང་བྱས་འདུག

ཨ་རུ་ན་ཅལ་མངའ་སྡེའི་ནང་གི་བསམ་ཡས་གླིང་གི་དགོན་པ་ནས། གཏེར་སྟོན་པདྨ་གླིང་པའི་སྐུ་འདྲ་རྙིང་པ་ཞིག རྐུ་མ་བརྒྱབ་ནས་ལྡི་ལིར་བཙོང་ཐབས་བྱེད་མཁན་བོད་མི་སྐྱེས་པ་ཞིག་དང་བོད་མི་ཡིན་མིན་ཁ་གསལ་མེད་པའི་བུད་མེད་ཅིག ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

ཟླ་འདིའི་ཚེས་༦ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་གསལ། བདུན་ཕྲག་གཅིག་ཙམ་གྱི་སྔོན་དུ་ཨ་རུ་ན་ཅལ་མངའ་སྡེའི་བསམ་ཡས་གླིང་གི་དགོན་པའི་ནང་དུ་ཡོད་པའི་གཏེར་སྟོན་པདྨ་གླིང་པའི་སྐུ་འདྲ་རྙིང་པ་ཞིག་རྐུན་མར་ཤོར་ཡོད་པ་དང་། དེ་རྗེས་ལྡི་ལི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ། སྐུ་འདྲ་དེ་དང་དེའི་ན་བཟའ་གཉིས་བཙོང་ཐབས་བྱས་ཡོད་འདུག་ཀྱང་། ཉོ་འདོད་ཡོད་མཁན་ཁོངས་སུ་གཏེར་སྟོན་དེར་དད་པ་ཡོད་མཁན་མི་ཞིག་གིས། ཉེན་རྟོག་པར་སྙན་སེང་ཞུས་པས། ཟླ་འདིའི་ཚེས་༤ ཉིན་འཇུ་བཟུང་བྱས་ཡོད་འདུག

དེ་ཡང་ཉེན་རྟོག་པས་བརྗོད་དོན་ལྟར་ན། འཇུ་བཟུང་བྱས་པའི་སྐྱེས་པ་དེའི་མིང་ལ་ངག་དབང་བརྩོན་འགྲུས་དང་། ཕྱི་ལོ་༢༠༠༩ ནས་༢༠༡༠ ཡི་བར་བོད་ནས་གསར་དུ་འབྱོར་ཡོད་པ་དང་། དྷ་སར་སྡོད་སྐབས་ཨ་རུ་ན་ཅལ་བསམ་ཡས་གླིང་དགོན་པའི་སྤྱི་པའི་བུ་མོ་དང་ཁ་ཐུག་ནས། ཕྱི་ལོ་༢༠༡༡ ལོར་ཆང་ས་བརྒྱབ་ཡོད་འདུག་སྟེ། ཕྱི་ལོ་༢༠༡༦ ལོར་ཁ་བྲལ་ཡོད་འདུག ཁོས་སྐུ་འདྲ་བཙོང་ན་གོང་ཆེན་པོ་རག་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཁར། སྐུ་འདྲ་དེ་སྤྱི་པའི་ནང་དུ་ཉར་བ་དང་ཚེས་བཟང་དུས་ཆེན་སྐབས་དགོན་པར་འཁྱེར་གྱི་ཡོད་པ་ཤེས་ཀྱི་ཡོད་པས། བདུན་ཕྲག་སྔོན་མར་གྲྭ་པ་དེ་དང་ནང་མི་རྣམས་ཧི་མ་ཅལ་མངའ་སྡེའི་ས་གནས་ཀུ་ལུ་ལ་ཕྱིན་པ་དང་བསྟུན་ནས། ཁོ་དང་ཁོའི་རོགས་པ་བུད་མེད་དེ་གཉིས་ཀྱིས་སྐུ་འདྲ་དང་དེའི་ན་བཟའ་རྐུ་བརྒྱབ་ཡོད་འདུག

ཁོང་གཉིས་ཀྱི་སྐུ་འདྲ་དེར་ཧིན་སྒོར་ས་ཡ་༡༤(Crore 1.4) ལས་མི་ཉུང་བར་བཙོང་ཐབས་བྱེད་བཞིན་ཡོད་འདུག་པ་དང་། བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན་སྐུ་འདྲ་དེ་ལོ་༩༠༠ ཡི་རྙིང་པ་ཡིན་འདུག

ད་ལྟའི་ཆར་རྐུན་མ་རྒྱག་མཁན་སྐྱེས་པ་དེ་བོད་མི་ཡིན་པ་གསལ་པོ་བཀོད་ཡོད་ཀྱང་། ཁོའི་རོགས་པ་བུད་མེད་དེའི་མིང་བློ་བཟང་དགའ་སྐྱིད་ཤར་པ་ཡིན་འདུག་ཁར། བརྒྱུད་ལམ་ཁག་ཏུ་བོད་པ་ཡིན་མིན་གསལ་ཁ་མི་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook240Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 4167

Leave a Reply