ལྷ་དགོན་བྱང་ཆུབ་ཆོས་གླིང་སྒོ་འབྱེད་མཛད་སྒོ།

ཟླ་འདིའི་ཚེས་༢༤ ནས་ཉིན་གྲངས་༣ རིང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཁོངས་སུ་ཆགས་པའི་ལྷ་དགོན་བྱང་ཆུབ་ཆོས་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་ཀྱི་མཛད་སྒོ་དང་། ལྷ་འབྲང་ཡང་སྲིད་ཁྲི་སྟོན་མཛད་སྒོ་འཚོགས་ཡོད་པ་རེད།

མཛད་སྒོའི་སྐབས་རྒྱ་གར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ།   རྣམ་གྲོལ་གླིང་དགོན་པའི་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ། ལྷ་འབྲང་མཆོག་སྤྲུལ་རིན་པོ་ཆེ།  རྫོགས་ཆེན་དགའ་ནོར་རིན་པོ་ཆེ། བོད་མི་མང་རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ (Shri.Chowna Mein) མངའ་སྡེའི་ནང་སྲིད་བློན་ཆེན། མངའ་སྡེའི་སྒོ་ཕྱུགས་སེམས་ཅན་དང་། རིག་གཞུང་བློན་ཆེན་སྐུ་ཞབས་མོ་ཧིཤ་ཆའི་ (Shri.Mohesh Chai)  གཞན་ཡང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག  མངའ་སྡེའི་ (BJP) ཆབ་སྲིད་ཚོགས་པའི་ཚོགས་གཙོ།  ས་གནས་བོད་རིགས་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་བྱུང་འདུག

ཕྱི་ཚེས་༢༤ མཛད་སྒོའི་ཉིན་དང་པོར་སྐུ་མགྲོན་གཙོ་བོ་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། དམིགས་བསལ་སྐུ་མགྲོན་ཚོགས་གཙོ་རྣམ་གཉིས་ནས་གཙུག་ལག་ཁང་དབུ་འབྱེད་དང་། དེ་རྗེས་ཡང་སྲིད་ཁྲི་སྟོན་མཛད་སྒོ་ཚོགས་པ་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་དང་། ཉིན་རྒྱབ་རྩ་འཆམ་གསེར་སྐྱེམས་དང་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད།

ཕྱི་ཚེས་༢༥ ཉིན་གྱི་སྔ་དྲོར་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་ལ་བྱང་ཆུབ་ཆོས་གླིང་འདུ་སྤྱི་ནས་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ཕུལ་བ་དང་། ཉིན་རྒྱབ་གུ་རུ་མཚན་བརྒྱད་ཀྱི་འཆམ་དང་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད།

ཚེས་༢༦ ཉིན་གྱི་སྔ་དྲོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་ཆེད་ཕེབས་ཀྱིས་འོད་དཔག་མེད་ཀྱི་ལྷ་ཁང་དང་། སྒྲོལ་མའི་ལྷ་ཁང་དབུ་འབྱེད་གནང་བ་དང་། གཙུག་ལག་ཁང་དུ་སྣང་གསལ་མར་མེ་ཞལ་ཕྱེ་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་དང་།

དེ་ནས་མི་མང་ལྷན་འཛོམས་ཀྱི་མཛད་སྒོར་ཏི་ཛུ་ས་གནས་འགོ་འཛིན་དོན་གྲུབ་བཟང་པོས་འཚམས་འདྲིའི་གསུང་བཤད་གནང་རྗེས།  རྫོགས་ཆེན་དགའ་ནོར་རིན་པོ་ཆེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་དབུས་པའི་བློན་ཆེན་གཞན་རྣམས་དང་། དཔལ་ལྡན་ཚོགས་གཙོ་བཅས་ལ་མཛད་སྒོར་ཕེབས་པར་ཐུགས་རྗེ་ཆེ་ཞུའི་ལེགས་གསོའི་ཕྱག་རྟགས་ཕུལ།   དེ་ནས་བླ་མ་བློ་བཟང་དཔལ་འབྱོར་དང་། སྨན་པ་པདྨ་ཚེ་མཚོ་རྣམ་གཉིས་ནས་བོད་དབྱིན་གཉིས་ཀྱི་ཐོག་མཛད་སྒོ་ངོ་སྤྲོད་གནང་གྲུབ་མཚམས། སྤྱི་འཐུས་ཚོགས་གཙོ་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྒོ་ཕྱུགས་སེམས་ཅན་དང་། རིག་གཞུང་བློན་ཆེན་སྐུ་ཞབས་མོ་ཧི་ཤཱ་ཆའི་(Shri.Mohesh Chai)

དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་(Shri.Chowna Mein) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་བཅས་ནས་གསུང་བཤད་གནང་བ་དང་། ཏི་ཛུ་ས་འཐུས་ཚོགས་གཙོ་འཆི་མེད་ཚེ་རིང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་།

ཉིན་རྒྱབ་བཀྲ་ཤིས་རོལ་འཆམ་དང་། ཏི་ཛུ་ས་གནས་གཞིས་ཆགས་ཀྱི་མི་མང་ནས་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||