ལྷ་འདྲེ་གདོན་གེགས་ཀྱི་བར་ཆད་སེལ་བའི་སྨོན་ལམ་ཆེན་མོ་བཅོ་བརྒྱད།

སངས་རྒྱས་ཀྱི་མདོ་ལས། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱི།། ཐར་བ་རང་ལ་རག་ལས་ཤེས་པར་བྱོས།། ཞེས་དང་།  ༸གོང་ས་མཆོག་ནས། བོད་པའི་སྤྱི་ཚོགས་ནང་ལ་ལྷ་གསོལ་འདྲེ་གསོལ་བྱེད་པའི་དར་སོ་ཆེན་པོ་འདུག་་་གཱ དེ་ནོར་འཁྲུལ་རེད། སངས་རྒྱས་ཀྱི་བསྟན་པའི་ཞབས་འདྲེན་གྱི་ཡོད་རེད། ཅེས་བཀའ་སློབ་ཟབ་མོ་ཕེབས་ཡོད།

གནའ་སྔ་མོ་ཞིག་ལ། སངས་རྒྱས་བདུན་གྱིས་སྙིགས་མའི་དུས་ཀྱི་སེམས་ཅན་ལ་དམིགས་ནས། སྨོན་ལམ་བརྒྱད་ཚན་གཉིས་དང་། བཞི་ཚན་བཞི། བཅུ་གཉིས་ཚན་པ་གཅིག་བཅས་ཁྱོན་སྨོན་ལམ་ཆེན་པོ་ ༤༤ བཏབ་གནང་མཛད་མྱོང་བ་ལྟར། ཕྲན་སངས་རྒྱས་ཀྱི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་ལྷག་བསམ་རྣམ་དག་གིས་སྨོན་ལམ་ཙམ་ཞིག་གདབ་རྒྱུར། དེང་སང་གི་མང་གཙོའི་རིང་ལུགས། སྒེར་བདག་རིང་ལུགས། དམར་ཕྱོགས་རིང་ལུགས། དད་གཙོ་རིང་ལུགས། ཆོས་དང་ཆབ་སྲིད། རྒྱལ་ཁབ་ཀྱི་ཁྲིམས་སོགས་གང་ཅིའི་ཐད་ནས་འོས་བབ་དེ་འདྲ་ཞིག་ཏན་ཏན་ཡོད་རེད་བསམ་པ་ཡིན།

ལྷག་པར་དུ་༸རྒྱལ་བ་ཡིད་བཞིན་ནོར་བུས། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་དགོས། ཞེས་ལམ་སྟོན་བཀའ་སློབ་ཡང་ཡང་ཕེབས་ཡོད། དེའི་ངོས་འཛིན་ཐད་མི་གཞན་པས་འགྲེལ་བརྗོད་བྱས་པ་དེ་དོན་དངོས་ཡིན་མིན་ཇི་ལྟར་ཡང་། ངས་བསམ་ན། གོང་གི་བཀའ་སློབ་དེ་དང་གཞན་བཀའ་སློབ་མང་པོར་གཞིར་བཞག་ཚེ། ལྷ་འདྲེ་གདོན་གེགས་གསོལ་གསོལ་མཆོད་མཆོད་བྱས་ཏེ་དེའི་ཐོག་ནས་མི་ཚེའི་འཚོ་བ་སྐྱེལ་ཐུབ་ཙམ་ཞིག་མ་ཡིན་པར། གཏན་ཚིགས་རིག་པའི་སྒོ་ནས་ནང་ཆོས་དེ་དཔྱིས་ཕྱིན་པར་འགྲེལ་བཤད་རྒྱབ་ཐུབ་པ། རང་གིས་ཀྱང་དེ་ལྟར་ཉམས་ལེན་བྱ་ཐུབ་པ་ཞིག་ལ། དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པར་གོ་བ་ལེན་དགོས་རེད་དྲན་གྱི་ཡོད།

ཡང་། བོད་པ་ལ་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཅིག་ཡོད་ཟེར། འོན་ཀྱང་། རང་གི་འགོ་ཁྲིད་ལ་ངོ་ལོག་བྱེད་པ། རྒྱལ་ཁབ་ལ་ཤ་ཞེན་ཅན་རྣམས་གང་ཐུབ་ཐུབ་ཀྱིས་གཉའ་བཅག་པ། ཁ་འཐོར་མཐའ་སྐྲོད་གཏོང་བ། རང་གི་འབངས་མི་དུམ་བུར་དབྱེ་འབྱེད་གཏོང་བ་ཡིན་ན། དེ་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ལ་བརྩི་ཆོག་གི་རེད། ཅེས་བརྗོད་ཆོག་པ་ཡིན།

སྨོན་ལམ།

གཅིག ལྷ་འདྲེ་གདོན་གེགས་ཀྱིས། ༸གོང་ས་མཆོག་དང་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ། དཔལ་ལྡན་སྲིད་སྐྱོང་གིས་གཙོས་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པའི་སྐུ་ཚེ་ལ་བར་ཆད་ཀྱིས་དགུང་གྲངས་ཉུང་དུ་མི་གཏོང་བར་གྱུར་ཅིག

གཉིས། ༸གོང་ས་རྒྱལ་བའི་དབང་པོ་མཆོག་དང་དཔལ་ལྡན་སྲིད་སྐྱོང་གི་ལམ་སྟོན་ལྟར། བོད་མི་མང་གི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ལྷ་འདྲེ་གདོན་གེགས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་གནོད་འཚེ་མི་བྱེད་པར་གྱུར་ཅིག

གསུམ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དཀར་པོ་གངས་རི་འདྲ་བ་དེ་མགོ་རྟིང་མི་སློག་པར། བོད་རྒྱལ་ཁབ་ཆེན་པོ་ཡང་དག་པའི་སླར་གསོ་ཡོང་བར་ལྷ་འདྲེ་གདོན་གེགས་རྣམས་ཀྱིས་གནོད་འཚེའི་བསམ་པས་མིར་ཁོག་ཞུགས་མི་བྱེད་པར་གྱུར་ཅིག

བཞི། བོད་རིགས་སྤུན་ཟླ་ཚོས་རང་རང་གི་བླ་མ་ལ་མི་ཕྱེད་པའི་དད་དམ་འོ་ཆུ་གཅིག་འདྲེས་བྱེད་པར། ལྷ་འདྲེ་གདོན་གེགས་རྣམས་ཡི་མ་རངས་པས་དེའི་དབར་དམ་སྲི་མི་སློང་བར་གྱུར་ཅིག

ལྔ། བླ་མའི་སྐུའི་གམ་བཅར་བའི་དབང་འཛིན་པ་ཆེས་ཉུང་ཤས་ཤིག ཉེ་རིང་ཆགས་སྡང་མངོན་དུ་གྱུར་པ་ན། ལྷ་འདྲེ་གདོན་གེགས་རྣམས་ཕ་རོལ་པོ་གཉའ་གཅོག་བྱེད་ཀྱི་ལག་ཆ་རུ་བེད་སྤྱོད་མི་གཏོང་བར་གྱུར་ཅིག

དྲུག ལྷ་འདྲེ་གདོན་གེགས་ཀྱི་བཀའ་ལུང་ཟེར་བ་བརྒྱུད་ནས། སྤྲུལ་སྐུ་རྫུན་མ་ཆར་ཤུལ་ན་ཤ་མོ་བརྡོལ་བ་ལྟར་ཧ་ཅང་ཕོན་ཆེར་ཁྱབ་བརྡལ་ཕྱིན་པས་དབང་གིས། རྒྱལ་ཕྱི་ནང་གི་སྤྱི་ཚོགས་གང་སར་བརྡབ་གསིག་ཚད་ལས་བརྒལ་བ་ཞིག་ཡོང་བཞིན་པ་རྣམས་རྒྱུན་ཆད་པར་གྱུར་ཅིག

བདུན། གནས་ལུགས་མི་ཤེས་པའི་ཉམ་ཆུང་མི་མང་ལ་མགོ་སྐོར་གྱིས། ལུང་བསྟན། བཀའ་ལུང་ཟེར་བ་སོགས་གནམ་ལ་འཕྱར་ནས་སོ་སོའི་སྣང་བར་མི་འགྲོ་བའི་སྤྱི་སྒེར་ཚང་མ་ལེབ་བརྡུང་བྱེད་པའི་ཚེ། ལྷ་འདྲེ་གདོན་གེགས་ཀྱི་བསམ་སྦྱོར་རྩུབ་པོ་རྣམས་ནུས་པ་མེད་པར་གྱུར་ཅིག

བརྒྱད། འཛམ་གླིང་སྤྱི་མཚུངས་བཞིན་བོད་མི་ཚོས་མང་གཙོའི་ལམ་ནས་འགོ་ཁྲིད་བསྐོ་བཞག་ཆེད། རང་དབང་གི་སྒོ་ནས་རྒྱལ་ཡོངས་འོས་བསྡུ་བྱེད་པར་ལྷ་འདྲེ་གདོན་གེགས་ཀྱིས་སྡེ་འཁྲུགས་སློང་བར་དེར་འཚང་ཁ་མི་བྱེད་པར་གྱུར་ཅིག

དགུ། ལྷ་འདྲེ་གདོན་གེགས་རྣམས་ཀྱིས། མི་མང་གི་མིག་མདུན་དུ་རང་མགོ་མི་ཐོན་པའི་ཞབས་འདྲེན་གྱི་རྣམ་པ་དེ་དག་ཁྲོམ་བསྒྲགས་ལྟ་བུའི་མངོན་གསལ་དོད་པོའི་ཐན་ལྟས་ངན་པ་ཐམས་ཅད་མུ་མཐུད་ནས་མི་ཡོང་བར་གྱུར་ཅིག

བཅུ། བོད་ཀྱི་ཆོས་དང་ཆབ་སྲིད་ཀྱི་དབུ་ཁྲིད་སུ་རུང་ནས་སྤྱི་པའི་ལས་དོན་ལ་ཐུགས་ཁུར་བཞེས་པ་ན། ལྷ་འདྲེ་གདོན་གེགས་ཀྱིས་ངན་སྔགས་རྦོད་གཏོང་བྱེད་པའི་ཚེ་སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པའི་ནུས་མཐུ་མི་ཆུང་བར་གྱུར་ཅིག

བཅུ་གཅིག མི་མང་གི་འཐུས་མི་རྣམས་ཀྱིས་གྲོས་ཚོགས་ནང་མི་མང་གི་བདེ་སྡུག་གླེང་བར། ལྷ་འདྲེ་གདོན་གེགས་ཀྱིས་དངོས་བརྒྱུད་ཅི་རིགས་ནས་འགོག་རྐྱེན་དང་། ནད་ཡམས། དལ་ཡམས། འགོས་ནད། སྨྱོ་འབོག་གཏོང་བ་སོགས་བྱེད་མི་ནུས་པར་གྱུར་ཅིག

བཅུ་གཉིས། ལྷ་འདྲེ་གདོན་གེགས་ཀྱིས། བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ནང་། སྤྱི་རྒྱུ་སྒེར་བདག སྒེར་རྒྱུ་ཧམ་ཟ། རྐུ་ཇག་ཁྲམ་གསུམ་སོགས་ཀྱི་ལྷན་དུ་ནུས་པ་མཉམ་སྤུངས་བྱས་ནས། ཉམ་ཆུང་མི་མང་གི་ཟུངས་ཁྲག་འཇིབས་པ། བླ་མའི་བྱིན་རླབས་ཀྱི་ནུས་མཐུ་ཆུང་དུ་གཏོང་བ་སོགས། བྱེད་ལས་ངན་པ་རྣམས་མྱུར་དུ་མཚམས་ཆད་པར་གྱུར་ཅིག

བཅུ་གསུམ། བོད་དོན་རྩེད་ཆས་བྱེད་པ། ལམ་དབུ་མ་ཁ་ལ་ཁྱེར། གུང་ཁྲན་གྱིས་རྒྱབ་ནས་དེད། ཆོལ་ཁའི་ཕྱོགས་རིས་ཅན་གྱིས་མི་ངན་གྱིས་མདུན་ནས་དྲུད་པའི་བོད་རིགས་སྤུན་ཟླ་ཚོ་ལམ་ནོར་ལྡོག་ཤེས་ཡོང་བར། ལྷ་འདྲེ་གདོན་གེགས་ཀྱིས་འགོག་རྐྱེན་མི་བྱེད་པར་གྱུར་ཅིག

བཅུ་བཞི། ལྷ་འདྲེ་གདོན་གེགས་ཀྱིས་ངན་པ་ལག་སྒྲིལ་ལྟ་བུས། བོད་མི་དུམ་བུར་གཏོང་བ། ང་བཟང་ཁྱོད་སྡུག ཁྱོད་ཡག་ཁོང་བཙོག་སོགས། རང་རྒྱལ་གཞན་ཕམ་གྱི་གྲོས་ངན་བཤམ། ཇུས་ངན་བསྒྲིགས། ཕྱི་ནང་བརྗེ་མཁན་རྗེས་འཇུག་པ་དང་བཅས་པ་རྒྱུན་ཆད་པར་གྱུར་ཅིག

བཅོ་ལྔ། ལྷ་འདྲེ་གདོན་གེགས་ཀྱིས། མི་རིགས་མཐུན་སྒྲིལ། བཟའ་ཚང་འཆམ་མཐུན། ཆོས་ལུགས་སོ་སོའི་དབར། དགོན་པ་དགོན་པའི་དབར། ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་སོགས་སྡེ་ཚན་ཁ་བྲལ་གཏོང་བའི་དབྱེན་དཀྲུག་འཐེན་འཁྱེར་མི་བྱེད་པར་གྱུར་ཅིག

བཅུ་དྲུག ན་གཞོན་ཤེས་ཡོན་པའི་བློ་ཁ་ཡར་རྒྱས། རྨོངས་པ་ཇེ་སེལ། གུ་ཡངས་ཀྱི་བསམ་བློ་ཇེ་ཆེ། བགྲེས་སོང་སེམས་བཟང་ཅན་རྣམས་ཀྱི་ཁ་ཏོན་དགེ་སྦྱོར་སོགས་ལ་ལྷ་འདྲེ་གདོན་གེགས་ཀྱིས་གནོད་འཚེ་མི་གཏོང་བར་གྱུར་ཅིག

བཅུ་བདུན། བོད་མིའི་ནང་། ལྟ་བ་སོ་སོ། གོམས་གཤིས་ཐ་དད། ལྷག་པར་བཙན་བྱོལ་ནང་ ཡར་བཅད་མར་བཅད། ལ་འཐོར་ལུང་འཐོར་ཡིན་པས། ལྷ་འདྲེ་གདོན་གེགས་ཀྱིས་དེ་ལྟ་བུའི་གནས་དུས་ཚོད་རྩིས་བྱས་ནས་བོད་ཀྱི་མིང་ཙམ་ཡང་མི་ལྷག་པའི་བྱུས་ངན་བཤམ་པ་རྣམས་ལམ་ལྷུང་མི་ཡོང་བར་གྱུར་ཅིག

བཅོ་བརྒྱད། འཇིག་རྟེན་གྱི་ཁམས་འདིར་རྩོམ་པ་པོའི་སྨྱུ་གུ། སྔོན་ཐོན་པའི་རིག་རྩལ། སྒྱུ་རྩལ་བའི་བསམ་བློ་བཅས་ལ་རྒྱལ་ཁ་ཐོབ་པར་ལྷ་འདྲེ་གདོན་གེགས་ཀྱིས། ནད་སྲི། ཕུང་སྲི། གོད་སྲི་གཏོང་བ་སོགས་ཕུང་སྦྱོར་ཉམ་ང་རྣམས་ལྷག་མེད་དུ་ཞི་བར་གྱུར་ཅིག

མཐའ་དོན། གལ་ཏེ་ཁྱོད་ཀྱིས་ལྷ་འདྲེ་གདོན་གེགས་དང་གཉེན་ཉེའི་འདུ་ཤེས་བྱ་འདོད་ན། རྗེ་གུང་ཐང་པས། ཤིང་སྒྲ་སྟ་རེ་ཡིན་མོད་ཀྱང་།། དེ་ཡི་ཡུ་བ་ཤིང་གིས་བྱེད།། དགྲ་ཡིས་བརྩམས་པའི་ཕུང་ཀྲོལ་ཀྱང་།། ཕལ་ཆེར་རྩ་བ་གཉེན་གྱིས་བྱེད།། ཞེས་པ་དེའི་སྐོར་དྲན་གསོ་རེ་བྱ་རྒྱུ་མ་བརྗེད་རོགས། དེ་ཙམ་ལས་གཞན་ཞུ་རྒྱུ་ཅང་མི་གདའ།

དགེ་བཤེས་སེར་སྨད་བློ་དགའ་ནས། ༢༠༡༧/༡༠/༦ ཉིན།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 345

Leave a Reply