ལྷ་ས་ནི་རྒྱ་ནག་ནང་མི་སེམས་སྐྱིད་ཤོས་ཀྱི་གྲོང་ཁྱེར་དེ་རེད་ཟེར།

རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་བསམ་ཤོག་བསྡུ་ལེན་བྱས་པའི་གྲུབ་འབྲས་ཤིག་ནང་། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ནང་ནས་མི་སེམས་སྐྱིད་ཤོས་ཀྱི་གྲོང་ཁྱེར་ནི་ལྷ་ས་ཡིན་སྐོར་བཀོད་ཡོད་འདུག་པས། དེ་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༧ ཉིན་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་ཨང་གཉིས་པས། ལོ་ལྟར་རྒྱ་ནག་གི་དཔལ་འབྱོར་འཚོ་བ་ཞེས་པའི་བསམ་ཤོག་བསྡུ་ལེན་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོ་༢༠༡༦ ལོའི་བསམ་ཤོག་བསྡུ་ལེན་གྱི་གྲུབ་འབྲས་སུ་རྒྱ་ནག་ནང་མི་མང་སེམས་པ་སྐྱིད་ཤོས་ཀྱི་གྲོང་ཁྱེར་ནི་ལྷ་ས་ཡིན་སྐོར་བཀོད་ཡོད་འདུག དེ་ཡང་བསམ་ཤོག་བསྡུ་ལེན་དེ་ཕྱི་ལོ་༢༠༠༧ ལོར་འགོ་བཙུགས་པ་ནས་བཟུང་། ལྷ་ས་དེ་མི་སེམས་སྐྱིད་ཤོས་ཀྱི་གྲོང་ཁྱེར་ཡིན་སྐོར་ཐེངས་མང་པོ་བཏོན་ཡོད་འདུག

བསམ་ཤོག་བསྡུ་ལེན་དེར་གཞིགས་ན། ལྷ་སའི་ནང་དུ་བསམ་ཤོག་བསྡུ་ལེན་དེར་མཉམ་ཞུགས་བྱེད་མཁན་ཁྲོད་འདོད་བློ་ཁེངས་མཁན་བརྒྱ་ཆ་༧༦.༡༢། སེམས་སྐྱིད་པོ་ཡོད་མཁན་༥༢.༣༡ དང་སེམས་ཤིན་ཏུ་སྐྱིད་པོ་ཡོད་མཁན་༡༦.༩༤ ཡོད་འདུག

ཕྱི་ལོ་༢༠༠༩ ལོར་ཨ་རིར་གནས་སྡོད་ལོ་རྒྱུས་སྨྲ་བ་ཨེན་བྷུ་རུ་མས་(Ian Buruma) “རྒྱ་ནག་གཞུང་གིས་བོད་མི་རྣམས་སེམས་སྐྱིད་པོ་ཡོད་སྐོར་བརྗོད་ཡོད་རེད། འོན་ཀྱང་གསར་འགོད་རང་དབང་དང་། འོས་བསྡུའི་རང་དབང་མེད་པར་གནས་ཚུལ་དེ་བདེན་པ་ཡིན་མིན་ཤེས་ཐབས་མེད། བོད་ནང་དུ་དྲག་སྤྱོད་དང་གཉའ་གནོན་ལ་བལྟས་ན། བོད་མི་མང་པོ་ཞིག་སེམས་སྐྱིད་པོ་མེད་པ་མཐོང་ཐུབ་”ཅེས་བརྗོད་ཡོད་འདུག

དེ་བཞིན་བོད་རིགས་བུད་མེད་རྩོམ་པོ་འོད་ཟེར་གྱིས་ཕྱི་ལོ་༢༠༡༡ ལོར་ལྷ་ས་དེ་བསམ་ཤོག་བསྡུ་ལེན་ནང་ཨང་དང་པོ་སླེབས་སྐབས། མོས་ཐོག་མར་གད་མོ་བགད་ནས། ཉིན་མཚན་མེད་པར་མེ་མདའི་འོག་ལ་འཚོ་བ་སྐྱེལ་དགོས་པ་དང་། ལྷ་ཁང་དུ་གསོལ་འདེབས་བྱེད་པར་འགྲོ་དུས་ཐག་རིང་མེ་མདའ་རྒྱག་མཁན་གྱིས་རྗེས་དེད་བྱེད་ཀྱི་ཡོད་པས། སེམས་སྐྱིད་པོ་གང་འདྲ་ཡོང་གི་རེད་ཅེས་ཕར་དྲི་བ་དྲིས་ཡོད་འདུག་པ་དང་། དེ་བཞིན་མོས་བསམ་ཤོག་བསྡུ་ལེན་དེ་ནི་ལྷ་སར་གནས་སྡོད་བྱེད་མཁན་རྒྱ་ནག་གི་ཧན་མི་རིགས་ལ་ཕྱོགས་རིས་ཀྱིས་ངོ་ཚབ་བྱས་ཡོད་སྐོར་བྲིས་ཡོད་འདུག

རྒྱ་ནག་གི་འཕྲིན་ཐུང་ཡོ་ཆས་ཝི་བྷོ་ཡི་ཐོག་ཏུ་མི་མང་པོ་ཞིག་ལྷ་ས་དེ་བསྐྱར་དུ་ཨང་དང་པོ་སླེབས་པར་ཧང་སངས་ཡོད་འདུག བུད་མེད་ཅིག་གིས་རྒྱ་ནག་གཞུང་གིས་ཁུལ་དེར་འགྲོ་སོང་མང་པོ་གཏོང་གི་ཡོད་རེད། ལྷ་སའི་མི་མིང་རྣམས་སེམས་སྐྱིད་པོ་ཡོད་དང་ཡོད་ཅེས་དང་། མི་གཞན་ཞིག་གིས་རང་ཉིད་སྐྱིད་པོ་ཡོད་མེད་དེ་རང་ཉིད་གཅིག་པུས་ཤེས་ཐུབ་པ་ཞིག་རེད་ཅེས་མཆན་བཀོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||