ལྷ་སའི་ནང་དྲག་པོའི་དོན་གཅོད་གཏོང་སྐབས་མི་སེར་སྤེལ་བའི་རིང་ལུགས་དང་པར་ཆས།

དུས་རབས་༡༩ པའི་ནང་དབྱིན་ཇི་གཙོས་པའི་ནུབ་ཕྱོགས་བཙན་རྒྱལ་རྒྱལ་ཁབ་ཁག་གི་དབང་ཤུགས་ཁྱབ་སྤེལ་གྱི་སྲིད་ཇུས་ཁྲོད་བོད་དེ་རྩེད་ཆས་སུ་གྱུར་པ་རེད་ཅེས་ཕྱི་དྲིལ་དྲུང་ཆེ་དགས་པོ་བསོད་ནམས་ནོར་བུས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༤ ནས་ཕྱི་ཟླ་༥ ཚེས་༢༤ བར་དྷ་ས་མེག་གྷན་བོད་ཀྱི་འགྲེམས་སྟོན་ཁང་དུ། ༼ བོད་ས་བཟུང་བ།-ལྷ་སའི་ནང་དྲག་པོའི་དོན་གཅོད་གཏོང་སྐབས་མི་སེར་སྤེལ་བའི་རིང་ལུགས་དང་པར་ཆས་ ༽ཞེས་པའི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད་པ་རེད།

འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཕྱི་དྲིལ་དྲུང་ཆེ་དགས་པོ་བསོད་ནམས་ནོར་བུ་དང་། ཌོག་ཊར་ཨེམ་མ་མར་ཊིན། (Dr. Emma Martin) ཕྱི་དྲིལ་དྲུང་ཆེ་ཤར་གླིང་ཟླ་སྒྲོན། མཁས་དབང་བཀྲ་ཤིས་ཚེ་རིང་། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲིས་ཕུན་ཚོགས་སོགས་ཕེབས་ཡོད་པ་རེད།

ད་ཐེངས་ཀྱི་འགྲེམས་སྟོན་འདི་ནི་བོད་ཀྱི་འགྲེམས་སྟོན་ཁང་དང་ལི་ཝོར་(liverpool) པུལ་རྒྱལ་ཡོངས་འགྲེམས་སྟོན་ཁང་། མན་ཆེ་སི་ཊེར་(Manchester) གཙུག་ལག་སློབ་གཉེར་ཁང་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་འགྲེམས་སྟོན་ཁང་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཁང་དང་མཉམ་འབྲེལ་གྱིས་འགྲེམས་སྟོན་བྱས་པ་ཐོག་མ་དེ་ཡང་ཆགས་ཡོད་པ་རེད།  འགྲེམས་སྟོན་གྱི་ནང་དུ་དེ་སྔོན་དབྱིན་ཇི་བོད་སར་འཛུལ་སྐབས་སུ་དབྱིན་ཇིའི་གཞུང་འབྲེལ་གྱི་པར་པ་ཀ་ལཱོ་གྲི་ ཝ་ཧེཀྲེ་(John Claude White) དང་དབྱིན་ཇིའི་དམག་མིའི་སྨན་པ་ཇི་རལ་ཌི་ ཨིར་ཝིན་ ཌེ་ཝི་(Gerald Irvine Davys)

གཉིས་ཀྱིས་བརྒྱབས་པའི་པར་རིས་ཁག་གཉིས་ཡོད་པ་དང་།   དེ་སྔོན་དབྱིན་ཇི་ལུང་པ་དང་། ལི་ཝོལ་པུལ་འགྲེམས་སྟོན་ཁང་སོགས་གཞན་གང་ལ་ཡོངས་གྲགས་སུ་འགྲེམས་སྟོན་བྱས་མྱོང་མེད་སྟབས་ད་ཐེངས་ཀྱི་འགྲེམས་སྟོན་འདི་ནི་པར་དེ་དག་གི་ཆེས་ཐོག་མའི་འགྲེམས་སྟོན་དེ་ཆགས་ཀྱི་ཡོད་པ་རེད།

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་གསུངས་པ་ལྟར་ན། ༢༠༡༤ ལོར་ཁོང་དབྱིན་ཡུལ་དུ་འགྲོ་སྐབས་ཌོག་ཊར་ཨེམ་མ་མར་ཊིན་གྱིས་ལི་ཝོར་པུལ་འགྲེམས་སྟོན་ཁང་དུ་སྐད་བཏང་ནས་བོད་དང་འབྲེལ་བའི་པར་རིས་ཚང་མ་བསྟན་ཡོད་པ་དང་། ལྷག་པར་དུ་པར་དེབ་གཉིས་ནང་དེ་སྔོན་གཏན་ནས་མཐོང་མ་མྱོང་བའི་པར་མང་པོ་ཞིག་ཡོད་སྟབས་དེ་ཚོ་འགྲེམས་སྟོན་གྱི་ཚུལ་དུ་བོད་ཀྱི་སྤྱི་ཚོགས་ནང་སྟོན་ཐུབ་ན། དབྱིན་ཇི་ཡིས་བོད་ས་བཟུང་བའི་སྐབས་སུ་བྱུང་བའི་དོན་དངོས་ཀྱི་གནས་ཚུལ་ཤེས་རྟོགས་ཡོང་བར་བོད་པ་ཙམ་མ་ཡིན་པར་ཚང་མར་ཕན་རླབས་ཆེན་པོ་འབྱུང་ས་རེད་དྲན་ནས། དེ་ལྟར་ཌོག་ཊར་ཨེམ་མ་མར་ཊིན་ལ་ཞུས་པ་བཞིན། ཁོ་མོས་མོས་མཐུན་བྱས་ནས་འདས་པའི་ལོ་ངོ་གཉིས་ལྷག་གི་རིང་ལ་དེའི་སྐོར་གྲོས་བསྡུར་རབ་དང་རིམ་པ་བྱས་ནས་ད་ཐེངས་ཆེས་ཐེངས་དང་པོའི་འགྲེམས་སྟོན་དེ་བྱུང་ཐུབ་པ་བྱུང་བ་ཞིག་ཡིན་སྐོར་གསུངས་སོང་ལ། ཡང་ཁོང་གིས་༡༩༠༤ ལོར་དབྱིན་ཇི་བོད་ལ་སླེབས་རྐྱེན་༧རྒྱལ་མཆོག་སྐུ་ཕྲེང་༡༣ པ་ཆེན་པོ་མཆོག་བོད་དུ་བཞུགས་མ་ཐུབ་ནས་སོག་པོར་ཕེབས་དགོས་བྱུང་ཡོད་པ་དང་། སྐབས་དེར་བོད་གཞུང་གི་སྐུ་ཚབ་ཏུ་དགའ་ལྡན་ཁྲི་རིན་པོ་ཆེ་ཕེབས་ནས་དབྱིན་ཇི་མཉམ་དུ་ཆིངས་ཡིག་ཅིག་བཞག་ཡོད་པ་དེས་བོད་པ་དེ་རྒྱལ་ཁབ་གཅིག་ཡིན་པའི་ཐོག་ནས་དབྱིན་ཇི་ཡིས་འབྲེལ་བ་བྱས་ཡོད་པ་གསལ་པོ་ཡིན་ཡང་། ཕྱིས་སུ་ཆབ་སྲིད་ཀྱི་དགོས་མཁོ་དང་རྒྱ་ནག་གི་གནོན་ཤུགས་ཀྱི་དབང་གིས་སྐབས་དེ་དུས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ལྟ་བུ་དབྱིན་གཞུང་གིས་བཤད་བཞིན་ཡོད་ཀྱང་། དངོས་ཡོད་པར་རིས་འདི་དག་གི་ནང་རྒྱ་མི་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པ་དེས་དབྱིན་གཞུང་གིས་ད་ལྟ་བཤད་བཞིན་པ་དེ་བདེན་པ་མིན་པ་བསྟན་གྱི་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་ཌོག་ཊར་ཨེམ་མ་མར་ཊིན་གྱིས་དབྱིན་ཇིའི་གཞུང་འབྲེལ་པར་པ་ཀ་ལཱོ་གྲི་ ཝ་ཧེཀྲེ་དང་དབྱིན་ཇིའི་དམག་མིའི་སྨན་པ་ཇི་རལ་ཌི་ ཨིར་ཝིན་ ཌེ་ཝི་ གཉིས་ཀྱིས་བརྒྱབས་པའི་པར་དེབ་གཉིས་ལི་ཝོར་པུལ་འགྲེམས་སྟོན་ཁང་དུ་ཡོད་པ་དེ། དབྱིན་ཇིའི་ལུང་པ་དང་ལི་ཝོར་པུལ་འགྲེམས་སྟོན་ཁང་སོགས་གཞན་གང་དུ་ཡང་ད་བར་བསྟན་མེད་སྐོར་དང་། པར་དེ་དག་བརྒྱུད་ནས་སྐབས་དེའི་བོད་ཀྱི་ཡུལ་ལྗོངས་ཀྱི་མཛེས་སྡུག་གཅིག་པུ་མ་ཡིན་པར། སྐབས་དེར་གནས་ཚུལ་ག་རེ་བྱུང་ཡོད་མེད་དབྱིན་ཇི་ཡིས་ད་ལྟ་བཤད་བཞིན་པའི་སྐད་ཆ་དང་དངོས་ཡོད་པར་རིས་ཀྱི་ར་སྤྲོད་གཉིས་བར་ན་འགལ་ཟླ་ཡོང་གི་ཡོད་པ་གསལ་གྱི་ཡོད་པ་དང་། དེ་བཞིན་པར་རིས་ཀྱི་ལམ་ནས་དངོས་བྱུང་གནས་ཚུལ་གཏིང་ཟབ་རྟོགས་ཐུབ་ཀྱི་ཡོད་སྐོར་བཅས་སོགས་གསུངས་སོང་། དེ་བཞིན་ཕྱི་དྲིལ་དྲུང་ཆེ་དགས་པོ་བསོད་ནམས་ནོར་བུས་དུས་རབས་༡༩ པའི་ནང་དབྱིན་ཇི་གཙོས་པའི་ནུབ་ཕྱོགས་བཙན་རྒྱལ་རྒྱལ་ཁབ་མང་དག་ཅིག་གིས་ཨ་ཧྥི་རི་ཁ་དང་། ཨེ་ཤི་ཡའི་རྒྱལ་ཁབ་ཁག་དབང་བསྒྱུར་བྱས་ཐུབ་ན་བྱས། དེ་མ་བྱུང་ན་སོ་སོའི་དབང་ཤུགས་ཁྱབ་སྤེལ་བྱེད་རྒྱུའི་སྲིད་ཇུས་བཟུང་ཡོད་སྐོར་དང་། དབང་ཆ་འཐབ་རྩོད་ཀྱིདུས་སྐབས་དེ་འདྲ་ཤིག་ལ་བོད་དེ་རྩེད་ཆས་སུ་གྱུར་ནས་ཕྱི་ལོ་༡༩༠༤ ལོར་བོད་ལ་དབྱིན་ཇིས་བཙན་འཛུལ་བྱས་པ་ཡིན་སྐོར། གཞན་ཡང་དབྱིན་གཞུང་གིས་དབང་ཆ་རྒྱ་བསྐྱེད་ཀྱི་ཆེད་དུ་ཐབས་ཤེས་འདྲ་མིན་གྱིས་བོད་གཞུང་ལ་འབྲེལ་བ་བྱེད་ཐབས་ག་འདྲ་བྱས་ཡོད་མེད་དང་། མཐར་དབྱིན་གཞུང་གིས་བོད་དུ་དྲག་པོའི་བཙན་འཛུལ་བྱས་སྐོར་སོགས་གསུངས་སོང་།

ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་གིས་པར་རྣམས་ཀྱི་འགྲེལ་བཤད་དང་ས་ཆ་ངོས་འཛིན་སོགས་ཀྱི་སྐོར་ལ་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་དག་བཅོས་དང་། བོད་ཡིག་ཞུ་དག གཞན་ཡང་དགོངས་ཚུལ་དང་སློབ་སྟོན་མང་པོ་ཞིག་གནང་ཡོད་པ་རེད་འདུག་ལ།

མཇུག་ཏུ་ཌོག་ཊར་ཨེམ་མ་མར་ཊིན་དང་ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་གཉིས་ལ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་གཟེངས་བསྟོད་བྱ་དགའ་ཕུལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 386

Leave a Reply