ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་༢༠ འཁོར་བ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ད་བར་འདས་པའི་ལོ་ངོ་༢༠ ཡི་རིང་ལ་སློབ་མ་༡༡,༤༢༢ ལ་སྐད་ཡིག་འདྲ་མིན་གྱི་འཛིན་གྲྭ་དང་། སློབ་མ་༢,༩༥༥ ལ་གློག་ཀླད་འཛིན་གྲྭ། ཕྱི་རྒྱལ་ཤེས་ཡོན་ལྟེ་གནས་ཁང་ཁག་ནས་ཕེབས་པའི་སློབ་མ་༡༢,༥༨༡ ལ་རིག་གཞུང་བརྗེ་ལེན་གྱི་གོ་སྐབས་བསྐྲུན་པ་དང་སྤྱི་ཚོགས་ཞབས་ཞུ་སྣ་ཚོགས་པ་བསྒྲུབས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༡ ཉིན་གྱི་སྔ་དྲོར་དྷ་ས་བོད་ཀྱི་ཟློས་གར་ཁང་དུ། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་༢༠ འཁོར་བའི་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ངག་དབང་རབ་རྒྱལ་གཉིས་ཀྱིས་དབུས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་ཟུར་དང་སློབ་ཟུར། གཞན་ཡང་དྷ་སའི་ཉེ་འཁོར་དུ་བཞུགས་པའི་བོད་མི་དང་ཕྱི་རྒྱལ་བ་བཅས་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་འཛོམས་འདུག

མཛད་སྒོའི་སྐབས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལོ་ངོ་༢༠ ཡི་ལས་བསྡོམས་སྙན་ཐོ་སྒྲོག་སྦྱང་བྱས་པ་ལྟར་ན། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ད་བར་འདས་པའི་ལོ་ངོ་༢༠ ཡི་རིང་ལ་སློབ་མ་༡༡,༤༢༢ ལ་སྐད་ཡིག་འདྲ་མིན་གྱི་འཛིན་གྲྭ་དང་། སློབ་མ་༢,༩༥༥ ལ་གློག་ཀླད་འཛིན་གྲྭ། ཕྱི་རྒྱལ་ཤེས་ཡོན་ལྟེ་གནས་ཁང་ཁག་ནས་ཕེབས་པའི་སློབ་མ་༡༢,༥༨༡ ལ་རིག་གཞུང་བརྗེ་ལེན་གྱི་གོ་སྐབས་ཕུལ་བ། དཔེ་མཛོད་དང་སློག་གྲྭ་ཁག་ལ་དཔེ་དེབ་ཁྲི་ཚོ་ཁ་ཤས་ཞལ་འདེབས་འབུལ་བས་མཚོན་པའི་ཤེས་ཡོན་སློབ་གསོའི་ལས་གཞི་འདྲ་མིན་དང་། ཁོར་ཡུག་གཙང་བཟོ། སློབ་གྲྭ་དང་སྨན་ཁང་ཁག་ལ་འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་འབུལ་བ། གྱོན་གོས་བསྡུ་རུབ་བྱས་ནས་ཞལ་འདེབས་འབུལ་བ། འཕུར་མཉེ་དང་པར་ལེན་སྦྱོང་བརྡར། ཕྱི་ལོ་༢༠༡༡ ནས་བཟུང་དྷ་ས་མེག་གྷན་དུ་དགོས་མཁོ་ཅན་གྱི་མི་གྲངས་༥༠ ནས་༦༠ ཙམ་ལ་ཉིན་ལྟར་གུང་ཚིགས་འབུལ་བ་སོགས་ཀྱིས་མཚོན་པའི་སྤྱི་ཚོགས་ཞབས་ཞུ་འདྲ་མིན་སྣ་ཚོགས་དང་། རིག་རྩལ་གོང་འཕེལ་གྱི་ལས་གཞི་སྣ་ཚོགས་བསྒྲུབ་དང་སྒྲུབ་མུས་ཡིན་འདུག

མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་ཤེས་ཡོན་ལྟེ་གནས་ཁང་ནས་ད་བར་སྤྱི་ཚོགས་ཀྱི་བྱ་བཞག་སྣ་ཚོགས་པར་ཞབས་ཞུ་བསྒྲུབས་ཡོད་པར་ལེགས་གསོའི་བསྔགས་བརྗོད་དང་འབྲེལ། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དུ་ཕྱི་རྒྱལ་བ་ཧ་ཅང་མང་པོ་ཞིག་དང་བླངས་ཞབས་ཞུ་སྒྲུབ་མཁན་དུ་ཡོང་བ་དེ་ནི་བོད་པའི་སྤྱི་ཚོགས་ཀྱི་ལེགས་ཆ་དང་འབྲེལ་བ་ཡོད་སྐོར་དང་། དེ་བཞིན་ཁོང་གིས་ལྷ་སྤྱི་ཚོགས་ཀྱིས་ཁོར་ཡུག་གཙང་བཟོའི་ལས་འགུལ་དང་འབྲེལ་ནས་གསུངས་དོན་དུ་“སྔ་མོ་བོད་ལ་ཡིན་ན་བླ་ཆེན་དང་དགོན་པ་ཁག་ལ་རི་བརྒྱ་དང་ཀླུང་བརྒྱ་ཞེས་པའི་གཏམ་ཞིག་ཡོད་པ་རེད། དེ་ནི་རྩི་ཤིང་དང་ཤིང་སྡོང་རིགས་འདྲ་མིན་གཅོད་པ་དང་། རིའི་སྒང་དུ་ཡོད་པའི་རི་དྭགས་སེམས་ཅན་འདྲ་མིན་གསོད་མ་ཆོག་པ་དེ་འདྲ་ཡོད་པ་རེད། དེ་ཚོ་དེང་་སང་གི་ཁོར་ཡུག་སྲུང་སྐྱོབ་དང་ཐད་ཀར་འབྲེལ་བ་ཆགས་བསྡད་འདུག དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་ཀྱི་རིག་པ་ང་ཚོར་སྔ་མོ་ནས་ཡོད་པ་དེ་ཚོ་ཁྱབ་སྤེལ་ཆེད་དགོངས་པ་ཤུགས་ཆེན་པོར་བཞེས་དགོས་འདུག དེ་ལྟར་བྱས་ན། རང་བཞིན་གྱིས་རང་ལས་གཞན་རྩ་ཆེ་བའི་སེམས་ཤིག་སྐྱེ་ཡོང་གི་ཡོད་པ་དང་། སྤྱི་ཚོགས་འཁྲུག་མ་ཐེབས་པ་ཞིག་ཡོང་གི་རེད། དེ་ལ་བརྟེན་ནས་རང་གི་སྐད་ཡིག་དང་རིག་གཞུང་ཡང་སྲུང་ཐུབ་པ་ཞིག་ཡོང་གི་རེད་ལ། བོད་ཀྱི་རྩ་དོན་ལའང་ཕན་ཐོགས་ཐུབ་པའི་ནུས་པ་ཆེན་པོ་ཞིག་མཐོང་གི་འདུག”ཅེས་སོགས་གསུངས་སོང་།

གཞན་ཡང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་༢༠ འཁོར་བར་༧གོང་ས་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་།“འདི་ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལོ་༢༠ འཁོར་བའི་དུས་སྟོན་བྱ་རྒྱུ་ཡིན་པར་ཤེས་རྟོགས་བྱུང་བས་ངོས་རང་དགའ་པོ་བྱུང་།”ཞེས་དང་།“དེང་སྐབས་ལྷ་ནི་བོད་པའི་སྤྱི་ཚོགས་ནང་རྒན་གཞོན་གཉིས་ཀར་ཞབས་ཞུ་སྒྲུབ་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་གལ་ཆེན་ཞིག་ཆགས་འདུག ཚོགས་པ་འདི་ནི་འཆར་འགོད་ལེགས་ཤིང་ཚོགས་པའི་ལས་གཞི་ཁག་ལག་བསྟར་གང་ལེགས་དང་། སྣ་མང་ལས་གཞི་དེ་དག་གི་དམིགས་ཡུལ་ནི་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་སྲུང་སྐྱོབ་གོང་འཕེལ། སྤྱི་ཚོགས་ནང་ཤེས་ཡོན་སློབ་གསོའི་ཐབས་ལམ་མཁོ་སྤྲོད། དེར་མ་ཟད་ཚོགས་པའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་དང་། དྲྭ་ཚིགས་དང་སྤྱི་ཚོགས་དྲ་གནས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དྭང་བླངས་བ་རྣམས་ལ་ཞབས་ཞུའི་གོ་སྐབས་འབུལ་བ་དང་། དངོས་ཡོད་ཀྱི་རོགས་རམ་བྱེད་ཐུབ་པ་བརྒྱུད་བོད་ཀྱི་གནད་དོན་དང་བོད་མིའི་སྐོར་གོ་རྟོགས་ཁྱབ་སྤེལ་གཏོང་གི་འདུག”ཅེས་སོགས་གསུངས་འདུག

ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་ནི་ཕྱི་ལོ་༡༩༩༧ ལོར་ཐོག་མར་ཨ་རིའི་མངའ་སྡེ་ལུའུ་སི་ཡ་ན་རུ་འགོ་འཛུགས་ཀྱིས་ལུའུ་སུ་ཡ་ན་ཧི་མ་ལ་ཡའི་ཚོགས་པ་(Louisiana Himalaya Association)ཞེས་མིང་བཏགས་ཡོད་པ་དང་། ཕྱི་ལོ་༡༩༩༨ ལོར་བྱམས་པ་ཚེ་རིང་དང་ཨ་རི་བ་ནེལ་གྷུ་ཌུ་རེ་གཉིས་གཙོས་བོད་ནས་གསར་དུ་ཕེབས་མཁན་གཞོན་སྐྱེས་འགའ་མཉམ་འབྲེལ་གྱིས་རྒྱ་གར་དྷ་རམ་ས་ལར་གསར་འཛུགས་བྱས་ནས། ཕྱིས་སུ་དབྱིན་ཡིག་ཐོག་གི་ཚོགས་མིང་བསྡུས་ཚིག་(LHA)ཞེས་པ་དེ་བོད་ཡིག་ནང་ལྷ་ཞེས་སྒྲ་བསྒྱུར་བྱས་ནས་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཐོག་ད་བར་ཤེསཡོན་སློབ་གསོས་མཚོནཔའི་སྤྱི་ཚོགས་ཀྱི་བྱ་བཞག་མང་པོའི་ཐོག་ཞབས་ཞུ་སྣ་ཚོགས་པ་ཞིག་བསྒྲུབས་དང་སྒྲུབ་མུས་ཡིན་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 238

Leave a Reply