ལྷོ་ཨེ་ཤི་ཡའི་ནང་ཆར་ཤུགས་ཆེན་པོའི་རྐྱེན་གྱིས་སྔོན་ཆད་མ་བྱུང་བའི་གོད་ཆགས་འབྱུང་བཞིན་པ།

ཟླ་༨ པའི་ནང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་བྷང་ལ་དྷེ་ཤེ་དང་རྒྱ་གར། བལ་ཡུལ་བཅས་གསུམ་ནང་ཆར་ཤུགས་ཆེན་པོ་བབས་པའི་རྐྱེན་གྱིས། ཆུ་ལོག་དང་ས་རུད་མང་པོ་བྱུང་ནས། མི་གྲངས་༧༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་པ་དང་། ས་ཡ་མང་པོར་གནོད་འཚེ་ཕོག་ཡོད་པ་རེད་འདུག

ཟླ་༨ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨེན་ཨེན་ཐོག་ཏུ་གནས་ཚུལ་སྤེལ་གསལ། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་དང་ཡར་ངོའི་ཟླ་བ་དམར་པོ་གཉིས་ཀྱི་སྤྱི་མཐུན་ཚོགས་པས་བརྗོད་དོན་ལྟར་ན། ལོ་འདིའི་ནང་ལྷོ་ཨེ་ཤི་ཡའི་ཁུལ་དུ་ལོ་ངོ་བཅུ་ཕྲག་གི་ནང་དུ་ཆུ་ལོག་དང་ས་རུད་ཀྱི་གནོད་སྐྱོན་ཆེ་ཤོས་བྱུང་ཡོད་པ་དང་། མི་གྲངས་ས་ཡ་༢༤ ལྷག་ལ་གནོད་སྐྱོན་ཕོག་ཡོད་པ་རེད་འདུག

བྷང་ལ་དྷེ་ཤེའི་རང་བྱུང་གནོད་འཚེ་སྟངས་འཛིན་ལས་ཁང་གི་འགན་འཛིན་རི་ཛེ་ཨ་མེ་ཌེ་ཡིསས། ད་བར་རྒྱལ་ཁབ་དེའི་ནང་མི་གྲངས་༡༡༨ ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། ཁང་པ་༤༥༠༠༠ ལས་མང་བ་གཏོར་བཤིག་སོང་ཡོད་པ། ལོ་འདིའི་ཆུ་ལོག་ནི་རྒྱུན་ལྡན་དང་མི་འདྲ་བར། ལོ་སྔོན་མ་ལས་ཤུགས་ཆེ་བ་ཡོད་སྐོར་བརྗོད་འདུག རྒྱལ་སྤྱིི་ཡར་ངོའི་ཟླ་བ་དམར་པོའི་ཚོགས་པས། ལོ་འདིར་བྷང་ལ་དྷེ་ཤེའི་ནང་གི་ཆུ་ལོག་འདི་འདྲ་ད་བར་རྒྱལ་ཁབ་དེའི་ནང་བྱུང་མྱོང་མེད་སྐོར་བརྗོད་ཡོད་འདུག

དེ་བཞིན་རྒྱ་གར་གྱི་མངའ་སྡེ་གསུམ་སྟེ། བྷི་ཧར་དང་ཡུ་པི། ཨ་སམ་བཅས་ནང་དུ་ཆུ་ལོག་དང་ས་རུད་ཀྱིས་རྐྱེན་པས་མི་གྲངས་༤༠༠ ཉེ་བའི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། དེའི་ནང་བྷི་ཧར་མངའ་སྡེའི་ནང་གནོད་སྐྱོན་ཆེ་ཤོས་ཐེབས་ནས་མི་གྲངས་༣༠༤ ཆུ་ལོག་གིས་རྐྱེན་པས་རྐྱེན་ལམ་དུ་ཕྱིན་ཡོད་འདུག་པ་མ་ཟད། དེ་བཞིན་མངའ་སྡེ་གཞན་ཁག་ཅིག་ནང་དུ་ཡང་ཆུ་ལོག་དང་ས་རུད་ཀྱི་གནོད་སྐྱོན་ཐེབས་ཡོད་འདུག

བལ་ཡུལ་ནང་དུ་ཟླ་༨ པའི་ཚེས་༡༡ ཉིན་ནས་ཆུ་ལོག་དང་ས་རུད་ཀྱིས་རྐྱེན་པས་མི་གྲངས་༡༤༣ ཡི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་༣༠ བོར་བརླག་ཕྱིན་ཡོད་ཁར། ༤༣ ལ་རྨས་སྐྱོན་ཕོག་ཡོད་པ་རེད་འདུག དེ་བཞིན་ཁང་པ་༨༠༠༠༠ ཉེ་བར་གཏོར་བཤིག་སོང་ཡོད་འདུག བལ་ཡུལ་ནང་ལོ་ངོ་༦༠ ཡི་ནང་དུ་བྱུང་མྱོང་མེད་པའི་རླུང་འཚུབ་ཤུགས་དྲག་བརྒྱབ་ཡོད་པས། དེས་གཏོར་སྐྱོན་ཆེན་པོ་བཟོས་ཡོད་པ་རེད་འདུག ཉེན་སྐྱོབ་པ་ཚོས་ཆུའི་མཐོ་ཚད་དམའ་རུ་འགྲོ་བཞིན་ཡོད་ཀྱང་། ཆུ་དང་འཕྲོད་བསྟེན་གྱི་གནས་ཚད་ཞན་པའི་རྐྱེན་གྱིས། བཤལ་ནད་དང་འདར་ནད་ཁྱབ་ཆེན་པོ་འཕེལ་བའི་སེམས་འཚབ་བྱེད་ཀྱི་ཡོད་འདུག

ལྷོ་ཨེ་ཤི་ཡ་ནི་འཛམ་གླིང་ནང་ཆར་པ་མང་ཤོས་གཏོང་ཡུལ་ཡིན་འདུག་པ་དང་། ཕྱི་ལོ་༡༩༥༠ ནས་འཛམ་གླིང་ནང་ཆུ་ལོག་གི་རྐྱེན་པས་ཚེ་སྲོག་ཤོར་བའི ཁ་གྲངས་མང་ཤོས་ནི། རྒྱ་ནག་དང་རྒྱ་གར། བྷང་ལ་དྷེ་ཤེ་བཅས་གསུམ་ནང་དུ་བྱུང་ཡོད་པ་དང་། རྒྱལ་ཁབ་དེ་དག་ནང་གྲོང་ཁྱེར་མང་པོ་ཞིག་གཙང་པོའི་ཉེ་འགྲམ་དུ་ཆུ་ལོག་གི་ཉེན་ཁར་རྟོག་ཞིབ་མ་བྱས་པར་འཛུགས་བསྐྲུན་བྱས་ཡོད་པ་རེད་འདུག་པ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་ཆུ་ལོག་གི་གནོད་སྐྱོན་གྱི་ཤུགས་ཆེ་རུ་འགྲོ་བར་ཡང་ཤུགས་རྐྱེན་སྤྲོད་ཀྱི་ཡོད་འདུག

དེ་བཞིན་རྒྱལ་ཁབ་དེ་དག་ནང་གྲོང་ཁྱེར་འཛུགས་བསྐྲུན་བྱས་སྐབས། འཆར་གཞི་མཐིལ་ཕྱིན་པ་འདིང་གི་མེད་པ་མ་ཟད།ཆུའི་ཡུར་བ་སོགས་ལ་འགྲོ་སོང་མི་གཏོང་ཁར། རང་བྱུང་གི་གནོད་འཚེའི་ཉེན་ཁར་དཔྱད་ཞིབ་ཡག་པོ་བྱེད་ཀྱི་མེད་སྐོར་འཛམ་གླིང་གི་དབུས་དངུལ་ཁང་གི་ཤར་ཨེ་ཤི་ཡའི་གྲོང་ཁྱེར་དང་རང་བྱུང་གནོད་འཚེའི་འཛིན་སྐྱོང་། འགྲུལ་བསྐྱོད་བཅས་ཀྱི་སྡེ་ཚན་གྱི་འགན་འཛིན་གྱིས་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 111

Leave a Reply