ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེ་རྣམས་འཛམ་གླིང་གི་ཁ་ཆེའི་ཁྲོད་ནས་སྐྱིད་ཤོས་ཡིན་ཟེར།

ཤར་ཏུར་ཀི་སི་ཐན་དུ་གནས་སྡོད་ཡུ་གུར་གྲངས་ཉུང་མི་རིགས་དང་། རྒྱ་ནག་ཧན་མི་རིགས་བར་དྲག་སྤྱོད་བྱུང་ནས་མི་གྲངས་བརྒྱ་ཕྲག་བསད་ཟིན་ཁར། འདི་ལོར་བཀག་སྡོམ་གྱི་རྣམ་གྲངས་མང་དག་ཅིག་གསར་བཟོ་བྱས་ཡོད་ཀྱང་། ད་དུང་རྒྱ་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེ་བ་རྣམས་འཛམ་གླིང་གི་ཁ་ཆེའི་ཁྲོད་ནས་སྐྱིད་ཤོས་ཡིན་ཟེར་བརྗོད་ཡོད་འདུག

རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༥ ཉིན་རྒྱ་གཞུང་གི་ཤར་ཏུར་ཀི་སི་ཐན་གྱི་ཕྱི་འབྲེལ་དྲིལ་བསྒྲགས་འགན་འཛིན་གཞོན་པ་ཨཱེ་ལི་ཏི་སཱེ་ལི་ཡེ་ཧྥི་(Ailiti Saliyev)ཟེར་བས། རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་ཤར་ཏུར་ཀི་སི་ཐན་ཉིན་རེའི་ཚགས་པར་ཐོག ཤར་ཏུར་ཀི་སི་ཐན་ས་ཁུལ་དུ་གནས་སྡོད་བྱེད་མཁན་ཁ་ཆེ་བ་རྣམས་ནི་འཛམ་གླིང་གི་ཁ་ཆེ་བ་ཚང་མའི་ཁྲོད་ནས་སྐྱིད་ཤོས་དེ་ཡིན་པ་དང་། མཁྲེགས་འཛིན་ཅན་དང་དེ་དག་གི་རྒྱབ་སྐྱོར་བ་ནུབ་ཕྱོགས་པ་ཚོས་སྤེལ་བའི་རྫུན་གཏམ་ལ་མི་མང་ཚོས་ཡིད་ཆེས་བྱེད་མི་རུང་བའི་སྐོར་བཅས་རྒྱུན་ལྡན་ལས་ཤུགས་ཆེ་བ་ནན་བརྗོད་བྱས་ཡོད་འདུག

འདས་པའི་ལོ་ཤས་ནང་ཤར་ཏུར་ཀི་སི་ཐན་དུ་གནས་སྡོད་ཡུ་གུར་གྲངས་ཉུང་མི་རིགས་དང་། རྒྱ་ནག་ཧན་མི་རིགས་བར་དྲག་སྤྱོད་ཀྱི་བྱ་བ་བྱུང་ནས་མི་གྲངས་བརྒྱ་ཕྲག་བསད་ཟིན་ཡོད་ཀྱང་། པེ་ཅིང་གཞུང་གིས་དེ་ནི་ཁ་ཆེ་མཁྲེགས་འཛིན་རིང་ལུགས་པ་ཚོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་ཁག་དཀྲི་བྱས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཡུ་གུར་བཙན་བྱོལ་བ་ཚོས་ཡུ་གུར་གྱི་ཆོས་དང་རིག་གནས་ཐོག་རྒྱ་ནག་གིས་སྟངས་འཛིན་བྱེད་བཞིན་ཡོད་སྟབས། དེ་ལ་ཡུ་གུར་བ་རྣམས་ཞེ་སུན་ནས་ཤར་ཏུར་ཀི་སི་ཐན་ནང་ལྷིང་འཇགས་མེད་པ་ཆགས་ཀྱི་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དྲག་གནོན་གྱི་རིགས་གཏན་ནས་བྱེད་ཀྱི་མེད་སྐོར་བརྗོད་ཡོད་འདུག་པ་མ་ཟད། ཨཱེ་ལི་ཏི་སཱེ་ལི་ཡེ་ཧྥིས་ཤར་ཏུར་ཀི་སི་ཐན་ནི་བརྟན་བརླིང་དང་། འཆམ་མཐུན། ཕྱུག་པོ། གུ་ཡངས། དེང་རབས་རང་བཞིན་ལྡན་པ་བཅས་ཡིན་པ་དང་། སྐོར་བསྐྱོད་པ་ཚོ་ཤར་ཏུར་ཀི་སི་ཐན་དུ་སླེབས་ཚེ་ནུབ་ཕྱོགས་ཀྱི་བརྒྱུད་ལམ་ཁག་གིས་ལོག་བཤད་བྱས་པའི་མཐོང་སྣང་མགོ་རྟིང་སློག་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

འོན་ཀྱང་། འདི་ལོའི་ཕྱི་ཟླ་༤ པའི་ནང་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ས་ཁུལ་གྱི་མི་མང་ཚོས་སྤྱིར་བཏང་མ་ཡིན་པའི་རྒྱ་རིང་པོ་འཇོག་མི་ཆོག་པ་དང་། གདོང་ཁེབས་གྱོན་མི་ཆོག་པ། རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ལ་བལྟ་འདོད་མེད་པ་བྱེད་མི་ཆོག་པ། དེ་བཞིན་ཕྲུ་གུ་རྣམས་གཞུང་གི་སློབ་གྲྭར་མི་གཏོང་བ། བུ་བཙའ་སྲིད་ཇུས་བརྩི་སྲུང་མི་བྱེད་པ། ཆེད་དུ་མངགས་ནས་ཁྲིམས་ཀྱི་ཡིག་ཆར་གཏོར་སྐྱོན་བྱེད་པ། ཆོས་ལུགས་ཀྱི་བྱེད་སྟངས་ཁོ་ནར་བརྟེན་ནས་ཆང་ས་རྒྱག་པ་བཅས་ལ་བཀག་སྡོམ་བྱས་ཡོད་ཁར། ཕྲུ་གུ་གསར་སྐྱེས་རྣམས་ལ་ཆོས་ལུགས་དང་འབྲེལ་བའི་མིང་ཨི་སི་ལམ་དང་། ཁོ་རན། ས་ཌམ། མེ་ཁཱ། དེ་བཞིན་ཟླ་བ་དང་སྐར་མ་སོགས་ཀྱི་མཚོན་པའི་མིང་འདོགས་མི་ཆོག་པའི་བཀག་སྡོམ་གསར་པ་ཞིག་གསལ་བསྒྲགས་བྱས་ཡོད་པ་དང་། གལ་ཏེ་ཆོས་ལུགས་དང་འབྲེལ་བའི་མིང་བཏགས་ཚེ་ཕྲུ་གུ་དེ་དག་ནང་མིའི་ཐོ་གཞུང་དུ་དེབ་སྐྱེལ་བྱེད་ཆོག་གི་མེད་ཅིང་། ཐོ་གཞུང་དེའི་ནང་དེབ་སྐྱེལ་བྱེད་མ་ཐུབ་པའི་ཕྲུ་གུ་རྣམས་ལ་སྤྱི་དམངས་ཀྱི་ཁེ་ཕན་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་ཡོན་མཐུན་རྐྱེན་སོགས་ཐོབ་ཀྱི་མེད་པ་རེད་འདུག

སྤྱིར་བོད་དང་མི་འདྲ་བར་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་དམིགས་བསལ་ཆོག་མཆན་མེད་པའི་ཐོག་ནས་ཤར་ཏུར་ཀི་སི་ཐན་ས་ཁུལ་དུ་འགྲོ་བསྐྱོད་བྱེད་འཇུག་གི་ཡོད་འདུག་ཀྱང་། ཁོང་ཚོའི་ལས་དོན་ཐོག་རྒྱ་ནག་གཞུང་གིས་ལྟ་རྟོག་དོ་ནན་པོ་བྱེད་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 239

Leave a Reply