ས་མཚམས་ཀྱི་རྩོད་རྙོག་དང་གོ་སྐབས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༥༨   ཕྱི་ལོ་ ༢༠༡༧/༨  /༢

ད་ལྟའི་ཆར་བོད་དང་རྒྱ་གར་གྱི་ས་མཚམས་དང་འབྲེལ་བའི་ཐོག་ནས་རྒྱ་དཀར་ནག་གཉིས་རྩོད་རྙོག་འགྲོ་བཞིན་ཡོད་པ་དང་། རྒྱ་དམར་དྲག་པོའི་གཞུང་གི་གདུག་རྩུབ་དང་བཙན་འཛུལ་འོག་བོད་མི་རིགས་ཀྱི་ལས་དབང་ནི་ད་ལྟའི་ཆར་ཉམ་དེ་བས་ཆུང་ན་དུད་འགྲོ་དང་། སྐེ་དེ་བས་ཕྲ་ན་ཡི་དྭགས་ཞེས་པའི་དཔེ་དང་གཅིག་མཚུངས་ལྟ་བུར་གྱུར་ཡོད་སྟབས། རྒྱལ་སྤྱིའི་སྟེང་དུ་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཅེས་པ་ལས། བོད་དང་རྒྱ་གར་གྱི་ས་མཚམས་ཡིན་པའི་བདེན་དོན་ལ་དོ་སྣང་བྱེད་མཁན་ཞིག་ཕལ་ཆེར་མེད། ད་ལྟ་འགྲོ་བཞིན་པའི་ས་མཚམས་ཀྱི་རྙོག་གྲ་མང་པོ་ཞིག་མེག་མོ་ཧན་ལན་ཞེས་གྲགས་པའི་ས་མཚམས་དེ་ཤིང་སྟག་སིམ་ལའི་ཆིངས་ཡིག་དང་འབྲེལ་བའི་ཐོག་ནས་ཡོང་གི་ཡོད་པ་དང་། སྐབས་དེར་རྒྱ་གར་དབྱིན་གཞུང་དང་། བོད་ཀྱི་སྐུ་ཚབ། རྒྱ་ནག་གི་སྐུ་ཚབ་བཅས་དབང་ཚད་འདྲ་མཉམ་གྱི་ཐོག་ནས་གྲོས་བསྡུར་བྱས་ཡོད་པ་དང་། བོད་རང་བཙན་གཙང་མའི་གནས་བབས་ཤིག་གི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་པས། སྐབས་དེའི་བོད་གཞུང་གི་རྒྱུད་འཛིན་བྱེད་མཁན་ཞིག་ཡིན་ན་ཆིངས་ཡིག་དེ་ལ་ངེས་པར་དུ་སྲུང་བརྩི་བྱེད་དགོས།

སྐབས་དེར་ལོ་རྒྱུས་ནང་བོད་པའི་ས་ཁོངས་ཡིན་ངེས་མང་པོ་ཞིག་རྒྱ་གར་དབྱིན་ཇིའི་གཞུང་གི་འོག་ཏུ་སོང་ཡོད་པའི་དབང་དུ་བཏང་ཡང་། དེ་ནི་བོད་གཞུང་གི་ཕྱི་འབྲེལ་གྱི་དབང་ཚད་ཆ་ཆང་ཡོད་པའི་སྐུ་ཚབ་ཀྱིས་མོས་མཐུན་ཐོག་ནས་སྤྲད་པ་ཞིག་ཡིན་པས། བོད་པས་དེ་ལ་རྩི་སྲུང་དང་ལེན་མ་བྱས་ན་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་གནས་བབས་ཡོད་པ་དེ། བོད་པ་རང་ངོས་ནས་ཀྱང་ཁས་ལེན་མ་བྱས་པ་དང་གཅིག་མཚུངས་ཡིན། བོད་རྒྱལ་ཁབ་ཀྱི་ས་མཚམས་ཧ་ཅང་ཆེ་བའི་སྐབས་སུ་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་བླངས་པའི་ལོ་རྒྱུས་ཡོད་པ་སོགས་མེས་དབོན་རྣམ་གསུམ་གྱི་དུས་སུ་མངའ་ཐང་ཧ་ཅང་དར་མྱོང་ཡང་། སྡུག་ས་ནས་བཤད་ན་ད་ལྟའི་གནས་སྟངས་ལྟ་བུའང་དངོས་སུ་བྱུང་ཡོད་པས་དར་རྒུད་སྣ་ཚོགས་ཡོད་མྱོང་ཡོད། བཙན་གནོན་དང་འདྲ་མཉམ་མེད་པའི་ཐོག་ནས་བཞག་པ་མ་ཡིན་པའི་ཕྱི་འབྲེལ་གྱི་ཆིངས་ཡིག་ཁག ཁས་ལེན་དང་རྒྱུན་འཛིན་གང་ཐུབ་བྱེད་དགོས་པ་ནི་ལོ་རྒྱུས་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད། དེ་ཙམ་ཡང་བྱེད་མ་ཐུབ་ན་བོད་པ་ལ་རྩོད་རྒྱུའི་རྩ་དོན་ཞིག་གཏན་ནས་མེད་པར་འགྱུར་ངེས་རེད།

བོད་པ་ཙམ་མ་ཡིན་པར་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེར་ས་མཚམས་དང་རྒྱལ་ཁོངས་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོང་མྱོང་བ་ཆོས་ཉིད་ཡིན་པ་བཞིན། བོད་པའི་ངོས་ནས་ཀྱང་ད་ལྟ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་འགྲོ་བཞིན་པའི་སྐབས་རྒྱ་གར་གྱི་ཕྱོགས་སུ་ལངས་དགོས་པ་དེ། བོད་པས་བོད་པ་རང་ཉིད་ཀྱི་དངོས་བྱུང་ལོ་རྒྱུས་ལ་ཁས་ལེན་བྱས་པ་ཞིག་ལས། རྒྱ་གར་གཞུང་བོད་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་པ་ཙམ་གྱིས་དྲིན་ལན་གསོས་པ་ཞིག་ཀྱང་གཏན་ནས་མིན། དེ་བཞིན་བོད་པ་རྒྱ་གར་དུ་སྐྱབས་བཅོལ་ནས་བསྡད་ཡོད་སྟབས་ངོ་དགའ་དང་སྤྲེལ་ལད་འཁྲབ་པ་ཞིག་དེ་བས་ཀྱང་ག་ལ་ཡིན། དེར་བརྟེན་གནད་དོན་འདི་དག་གི་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལངས་ཕྱོགས་ཁ་གསལ་ཞིག་འཛིན་དགོས་པ་དེ་ཧ་ཅང་གལ་ཆེ། སྤྱིར་ད་ལྟའི་ཆར་བོད་དང་རྒྱ་ནག་གི་ཆབ་སྲིད་རྩོད་རྙོག་ཐད་བོད་ལ་གོ་སྐབས་དམིགས་བསལ་མེད་ཀྱང་། ད་ལྟ་བོད་དང་རྒྱ་གར་གྱི་ས་མཚམས་དང་འབྲེལ་བའི་རྒྱ་དཀར་ནག་གཉིས་རྩོད་རྙོག་འགྲོ་བཞིན་པའི་སྐབས་འདིར་བོད་པར་གོ་སྐབས་མེད་པའི་གོ་སྐབས་ཤིག་ཏུ་གྱུར་ཡོད་སྟབས་དམ་འཛིན་བྱེད་དགོས།

རྒྱ་གར་དང་བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་ས་མཚམས་སུ་གྱུར་ཡོད་ཀྱང་། ད་བར་ས་མཚམས་དང་འབྲེལ་བའི་རྩོད་རྙོག་བྱུང་མྱོང་མེད་པ་དང་། བོད་པའི་ངོས་ནས་རྒྱ་གར་དགེ་རྒན་དུ་བརྩི་བ་དང་། རྒྱ་གར་གྱི་ངོས་ནས་ཀྱང་བོད་པ་དགེ་ཕྲུག་ཏུ་བརྩི་བ་ནི་རང་བཞིན་ལྟ་བུ་ལས་འཁྲབ་སྟོན་གྱི་རྣམ་པ་ཙམ་ཞིག་གཏན་ནས་མིན། ༡༩༥༩ ལོར་བོད་ས་ཡོངས་སུ་ཤོར་འགྲོ་བའི་སྐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་རྣམས་ཀྱིས་ས་ནག་པོ་འདོམ་ལ་འཇལ། སྤྲིན་དཀར་པོ་ཐོད་ལ་བཏགས་ཞེས་པའི་དཔེ་ལྟར་རེ་བའི་མིག་འབུར་གཏད་ནས་སྐྱབས་བཅོལ་དུ་ཡོང་ས་གཙོ་བོ་རྒྱ་གར་ཁོ་ན་ཡིན། རྒྱ་གར་གཞུང་ལ་མཚོན་ནའང་རང་བཙན་ཐོབ་མ་ཐག་ཡིན་སྟབས་དཔལ་འབྱོར་སོགས་ཕྱོགས་ཡོངས་ནས་དཀའ་ངལ་ཧ་ཅང་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱང་། བོད་པར་དམིགས་བསལ་རོགས་རམ་གནང་བའི་གནས་སྟངས་ལ་བསམ་བློ་བཏང་ནའང་འཕགས་བོད་ཀྱི་མཛའ་འབྲེལ་ནི་གཞན་གང་གིས་ཀྱང་ཚབ་མཚོན་མི་ཐུབ་པ་ཞིག་ཏུ་གྱུར་ཡོད། དེའི་ཐོག་ནས་ཀྱང་ངོ་སོ་དང་བསམ་བློ་གཏོང་དགོས་པ་ནི་ལས་འབྲས་ཀྱིས་བསྐུར་བའི་འགན་ཁུར་ཡིན།

མདོར་ན་བོད་པ་མ་སྨིན་པ་རེ་ཟུང་གིས་ཀྱང་བོད་རང་བཙན་ཤོར་བ་དེ་རྒྱ་གར་གྱིས་བོད་རྒྱ་ཁོངས་རེད་ཅེས་བརྗོད་པས་རེད་ཟེར་ཡང་། དོན་དུ་༡༩༤༧ ལོར་ཨེ་ཤི་ཡའི་ཚོགས་ཆེན་སྐབས་རྒྱ་གར་གྱིས་བོད་རྒྱལ་ཁབ་རང་བཙན་ཡིན་པའི་གནས་བབས་ཐོག་ནས་གདན་འདྲེན་ཞུས་ཤིང་། རྒྱ་གར་གཞུང་གིས་༡༩༤༨ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་ངེས་རེད་ཅེས་བོད་གཞུང་ལ་དྲན་སྐུལ་བྱས་ཀྱང་ང་ཚོ་ལ་ཉེན་ཁ་མེད་ཅེས་ལན་བཏབ། ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དང་། ༡༩༥༤ ལོར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་ཟེར་བ་འཚོགས་ནས་༧གོང་ས་མཆོག་ཚོགས་གཙོ་གཞོན་པ་དང་། པཎ་ཆེན་རིན་པོ་ཆེ་རྒྱུན་ལས་འཐུས་མི། གཞན་ཡང་བླ་ཆེན་དང་སྐུ་དྲག་ཁག ཁམས་དང་ཨ་མདོ་མི་སྣ་གནད་ཡོད་གང་མང་བཅས་ཚོགས་འདུ་ལ་ཕེབས་པའི་སྐབས་དེར། རྒྱ་གར་གྱི་སྲིད་བློན་པཎྜི་ཏ་ནེ་ཧ་རུ་པེ་ཅིང་དུ་ཕེབས་ནས་རྒྱ་དཀར་ནག་དབར་ཆིངས་ཡིག་དོན་ཚན་ལྔ་བཞག་པའི་ནང་བོད་རྒྱ་ཁོངས་རེད་ཅེས་བརྗོད་པ་དེ་ཐེངས་དང་པོ་རེད། དེར་བརྟེན་སྔ་ཕྱིའི་བྱུང་རིམ་གང་ལ་བལྟས་ཀྱང་བྱེད་ཐབས་དེ་ལས་གཞན་མེད་པ་ཤེས་སླ།།

Print Friendly, PDF & Email
Share on Facebook11Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 151

Leave a Reply