སི་པེན་གཞུང་ནས་ཐའེ་ཝན་གྱི་མི་༢༠༠ ཙམ་རྒྱ་ནག་ཏུ་ཕྱིར་འབུད་གཏོང་འཆར།

ཟླ་འདིའི་ཕྱི་ཚེས་༢༠ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། སི་པེན་གྱི་གྲོང་ཁྱེར་མེ་ཌི་རི་ཌི་དང་བྷར་སེ་ལོ་ན་སོགས་ནས་ཏར་འཕྲིན་སོགས་ཀྱི་འབྲེལ་ལམ་བརྒྱུད། མི་གཞན་མགོ་བསྐོར་བཏང་ནས་དངུལ་རྐུ་བ་ལྟ་བུ་གཞན་ལ་གནོད་པའི་བྱ་བ་བྱེད་མཁན་གྱི་རིགས་ཕྱིར་ཕུད་གཏོང་འཆར་ཡོད་པ་རེད།

སི་པེན་གཞུང་གིས་ལོ་གཅིག་ཙམ་རིང་བརྟག་དཔྱད་བྱས་རྗེས། ཟླ་འདིའི་ཕྱི་ཚེས་༡༧ ཉིན་སི་པེན་གཞུང་གིས་རྒྱ་རིགས་དོགས་ཡོད་ཉེས་ཅན་པ་༢༦༩ རྒྱ་ནག་ཏུ་ཕྱིར་འབུད་བྱ་རྒྱུར་ཆོག་མཆན་སྤྲད་ཡོད་འདུག་ཀྱང་། ཐའེ་ཝན་གཞུང་གིས་དོགས་ཡོད་ཀྱི་མི་དེ་དག་གི་ཁོངས་ནས་མི་༢༠༠ ཡས་མས་ཤིག་ཐའེ་ཝན་མི་སེར་ཡིན་སྐོར་བརྗོད་དེ། ཚང་མ་རྒྱ་ནག་ཏུ་ཕྱིར་འབུད་གཏོང་རྒྱུའི་ཐག་གཅོད་ལ། ཐའེ་ཝན་ཕྱི་སྲིད་ལྷན་ཁང་ནས་བློ་ཕམ་ཆེན་པོ་ཡོད་ཅེས་བརྗོད་ནས་ཟླ་འདིའི་ཕྱི་ཚེས་༡༨ ཉིན་ངོ་རྒོལ་བྱས་ཡོད་འདུག

དེ་ཡང་ཐའེ་ཝན་ཕྱི་སྲིད་ལྷན་ཁང་ནས་“ང་ཚོའི་མི་མང་གི་ཐོབ་ཐང་དང་ཁེ་ཕན་ལ་བརྡལ་བཤིག་དང་། དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་ནས་འགྲོ་བ་མིའི་ཐོབ་ཐང་ཐད་དོ་ཁུར་བྱེད་བཞིན་པའི་ལམ་ལུགས་སྣང་མེད་གཏོང་བའི་སི་པེན་གཞུང་གི་ཐག་གཅོད་དེ་ལ་བློ་ཕམ་ཆེན་པོ་ཡོད་”ཅེས་བསྒྲགས་ཡོད་འདུག

སི་པེན་གྱི་ཁྲིམས་ཞིབ་ལྷན་ཁང་ནས་ཟླ་འདིའི་ཕྱི་ཚེས་༡༨ ཉིན་བཤད་པ་ལྟར་ན། སྔར་ལོའི་ཕྱི་ཟླ་༡༢ པའི་ནང་སི་པེན་དང་རྒྱ་ནག་གཉིས་ཀྱི་ཉེན་རྟོག་པ་མཉམ་འབྲེལ་བྱས་ནས། སི་པེན་དུ་ཡོད་པའི་ཁྲིམས་འགལ་གྱི་ཏར་འཕྲིན་བརྒྱུད་མི་གཞན་ལ་མགོ་སྐོར་མཁན་གྱི་ཚོགས་པ་༡༣ སྒོ་བརྒྱབས་ཡོད་པ་དང་། དེ་བཞིན་ཚོད་དཔག་བྱས་ན་ཚོགས་པ་དེ་དག་གིས་ཁྱོན་མི་༨༣༩ ལ་རྒྱ་མིའི་དངུལ་ས་ཡ་༡༢༠ ཡས་མས་ཤིག་གི་གྱོང་གུད་སྤྲད་ཡོད་པར་བསྒྲགས་ཡོད་འདུག

དེ་འབྲེལ་གྱི་གནས་ཚུལ་ཞིག་ལ་ལོ་སྔོན་མའི་ནང་། ཀེན་ཡ་དང་། ཀེམ་བྷོ་ཌི་ཡ། ཨར་མེ་ནི་ཡ་བཅས་ནས། ཏར་འཕྲིན་བརྒྱུད་མི་གཞན་མགོ་བསྐོར་གཏོང་མཁན་གྱི་དོགས་ཡོད་ཐའེ་ཝན་བ་རྣམས་རྒྱ་ནག་སྐམ་ས་ཆེན་མོར་ཕྱིར་འབུད་བཏང་ཡོད་འདུག་ལ། ཐའེ་ཝན་གཞུང་གིས་བརྗོད་པ་ལྟར་ན་དེ་དག་དྲག་ཤུགས་དང་བཅས་ཕྱིར་འབུད་བཏང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook16Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 218

Leave a Reply