སུ་གུ་དོག་དང་སུ་གུ་ཡངས་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༥  ཕྱི་ལོ་ ༢༠༡༧/༡༡ /༢༩  

ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༢༧ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བཙན་བྱོལ་བོད་མི་ཁག་ཅིག་གིས་ངོ་རྒོལ་བྱས་ཡོད་པ་དང་། དེ་ལྟ་བུ་ནི་མང་གཙོའི་སྤྱི་ཚོགས་ནང་དུས་རྒྱུན་བྱུང་བཞིན་པའི་གནས་ཚུལ་ཞིག་ཡིན་པས་ཁ་མིག་ཚང་མ་འགེབས་དགོས་པ་ཞིག་མིན་ལ། ཧང་སངས་དགོས་པའི་གནད་དོན་ཞིག་དེ་བས་ཀྱང་མིན། རྒྱ་དམར་གཞུང་ལྟ་བུ་གཅིག་སྡུད་དང་གུ་དོག་དམ་དྲག་ཅན་གྱི་སྲིད་གཞུང་ཞིག་དང་བསྡུར་ན། མང་གཙོའི་སྤྱི་ཚོགས་ནང་ཆབ་འབངས་བྱེ་བྲག་པའམ་སྡེ་ཚན་གང་ཡང་རུང་བ་ཞིག་གིས་འདོད་པ་མ་ཁེངས་ཚེ། གཞུང་ལ་ངོ་རྒོལ་བྱེད་ཆོག་པའི་གུ་ཡངས་ཀྱི་ལམ་ལུགས་འདིའི་ཐོག་ནས་བལྟས་ན་སྤོབས་པ་སྐྱེ་ཆོག་པ་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་གང་ཡང་མེད། དེ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་གཞན་གྱི་ལུང་པ་རུ་སྐྱབས་བཅོལ་བའི་གནས་བབས་ཤིག་ཏུ་ཡོད་ཀྱང་། ༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོའི་ལམ་ལུགས་སུ་བསྐྱོད་བཞིན་པའི་ནང་ནས་མི་མང་གི་ཁེ་དབང་བླ་ན་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་དང་། ལྟོས་ས་ལྟོས་འཇོག་གིས་བཤད་ན་སྤོབས་པ་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད།

རྒྱ་དམར་སྲིད་གཞུང་གི་མདུན་དུ་འདི་ལྟ་བུ་ཆབ་འབངས་ཀྱི་ངོས་ནས་ངོ་རྒོལ་ཞིག་བྱས་ན་བཙོན་འཇུག་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་སྟབས། མ་འོངས་པར་མུ་མཐུད་ནས་དམར་པོའི་ལམ་ལུགས་དང་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་རྒྱུའི་གོ་སྐབས་བྱུང་བའི་དབང་དུ་བཏང་ཡང་། བོད་མི་རིགས་སྤྱི་དང་ལྷག་པར་དུ་བཙན་བྱོལ་བོད་མི་ཚོའི་ངོས་ནས་སྐབས་དེར་རྒྱ་གཞུང་ལ་ངོ་རྒོལ་བྱས་ན་མཇུག་འབྲས་བཙོན་དུ་ཚུད་རྒྱུ་ལས་མེད་པའི་བསམ་བློའི་གྲ་སྒྲིག་དེ་སྔོན་ཚུད་ནས་ཡོད་དགོས།  དེར་བརྟེན་ད་ལྟ་བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་གཞུང་ལ་ངོ་རྒོལ་བྱེད་ཆོག་པ་འདི་ཉིད་རྒྱ་གར་དེ་རང་དབང་མང་གཙོའི་རྒྱལ་ཁབ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱང་མང་གཙོའི་ལམ་ལུགས་སུ་བསྐྱོད་ནས་མི་ལོ་༦༠ ལ་ཉེ་བའི་རིང་གི་བླ་ན་མེད་པའི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་ཆོག རྒྱ་གཞུང་ལྟ་བུའི་འོག་ཏུ་མནར་གཅོད་དང་བཙན་གནོན་ག་འདྲ་ཞིག་ཡོད་མིན་ལ་མ་ལྟོས་པར། ཉེན་ཁ་མེད་པར་ངོ་རྒོལ་བྱེད་ཡུལ་ཞིག་མེད་པ་སོགས་ཀྱི་ཐོག་ནས་བལྟས་ན་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་ཞེས་པ་ཧ་ཅང་དེ་གལ་གནད་ཆེན་པོ་ཡིན་པ་ཤེས་ཐུབ།

ད་ལན་ངོ་རྒོལ་བྱེད་དགོས་པའི་དོན་དག་གཙོ་བོ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐོག་ནས་བྱུང་ཡོད་ལ། འདི་ནི་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་གནད་དོན་ཞིག་དང་། ཁྲིམས་སྒྲིག་གི་ཐོག་ནས་བཀའ་ཤག་ལ་སྤྲད་པའི་སྐུ་དབང་ཉག་གཅིག་ཏུ་གྱུར་ཡོད། ལོ་རྒྱུས་རིང་པོ་བཤད་མི་དགོས་པར་འདས་པའི་ལོ་བཅུ་ཙམ་ལ་ཕྱི་མིག་ཅིག་བལྟས་ནའང་གནད་དོན་འདི་ལྟ་བུ་མང་པོ་བྱུང་ཡོད། ད་དུང་འདི་ལས་ཀྱང་ཛ་དྲག་པ་ཞིག་ལ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཡིན་པའི་སྐབས་ཧྥ་རན་སིར་གནས་སྡོད་རྒྱལ་རོང་པ་ཐུབ་བསྟན་རྒྱ་མཚོ་ཡུ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་སྦལ་སིལ་དོན་གཅོད་དུ་བསྐོ་གཞག་གི་ཡི་གེ་ཞིག་འབྱོར་ནས། དོ་བདག་གིས་སྔར་ཡོད་ཀྱི་ལས་གནས་གཞན་ལ་སྤྲད་དེ་གྲ་སྒྲིག་ཨང་གསར་ཡོད་བཞིན་པ་དང་། ཁོང་ཉིད་དོན་གཅོད་ཀྱི་ཞབས་སྟེགས་སུ་སྐར་མ་གཅིག་ཀྱང་བཞུགས་རྒྱུ་མ་བྱུང་བར། སྔོན་མའི་བསྐོ་གཞག་ཡིག་ཆ་དེ་ཕྱིར་འཐེན་བྱས་པའི་ཡི་གེ་འབྱོར་ནས་དོན་གཅོད་གནང་རྒྱུའི་རྨི་ལམ་དེ་མངོན་འགྱུར་བྱུང་ཐུབ་མེད་མ་ཟད། གནས་ཚུལ་དེའི་རྒྱུ་རྐྱེན་དང་རྒྱབ་ལྗོངས་ད་དུང་ཡང་དྲི་རྟགས་ཤིག་ཏུ་གྱུར་ཡོད།

འདིའི་སྔོན་གྱི་ཨ་རིའི་གཅོད་ཀྱང་ལོ་གཉིས་ལྷག་ལས་སྡོད་རྒྱུ་བྱུང་མེད་པ་སོགས་དཔེ་མཚོན་ཧ་ཅང་མང་ཡང་། གང་ཟག་མི་འདྲ་བ་དང་། དུས་ཚོད་མི་འདྲ་བ། བསམ་བློའི་རྒྱབ་ལྗོངས་མི་འདྲ་བའི་ཐོག་ནས་ད་ལྟའི་འཁྲུག་ཆ་དོད་པོ་འདི་ལྟ་བུ་ཞིག་བྱུང་བ་རེད། གནད་དོན་འདིའི་ཐོག་ནས་བལྟས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་དབུ་མའི་ལམ་དུ་བསྐྱོད་རྒྱུ་དང་། རང་བཙན་སླར་གསོ་བྱ་རྒྱུའི་རེ་བ་རྒྱག་མཁན་གཉིས་ལས་རྒྱ་ཆེ་ས་ནས་བསམ་བློའི་ཐོག་ནས་གུ་ཡངས་དོག་དེ་རོབ་ཙམ་རྟོགས་ཐུབ་པ་ཞིག་ཏུ་གྱུར་འདུག དཔེར་ན་འདས་མ་ཐག་པའི་སྲིད་སྐྱོང་གི་འོས་གཞིའི་ནང་དུ་ཨ་ཚོགས་ཀླུ་མཁར་བྱམས་རང་བཙན་གྱི་འབོད་སྒྲའི་ཐོག་ནས་སྲིད་སྐྱོང་གི་འོས་གཞིར་ལངས་པ་རེད། དངོས་གཞིའི་འོས་ཁོངས་སུ་ཁོང་ཨང་གསུམ་པ་འོས་གྲངས་༢༥༥༧ ཡོད་ཀྱང་དངོས་གཞིའི་འོས་ཁོངས་སུ་བཞག་མེད་པ་དང་། དེའི་སྔོན་གྱི་འོས་བསྡུའི་ནང་བཀའ་ཟུར་བཀྲ་ཤིས་དབང་ལ་སྔོན་འགྲོའི་འོས་གྲངས་༢༡༠༡ ལས་མེད་ཀྱང་ཁོང་འོས་གཞིའི་ནང་བཞག་ཡོད་མོད། ཁོང་གཉིས་ལས་ཀླུ་མཁར་བྱམས་འོས་གྲངས་༤༥༦ མང་བ་བྱུང་ཡོད།

འོས་བསྡུའི་འགན་འཛིན་རྣམ་པའི་ཐག་གཅོད་དེ་ཁྲིམས་སྒྲིག་གི་ཐོག་ནས་ཁ་གསལ་ཡོད་པ་ཞིག་གཏན་ནས་མིན་ལ། ལམ་ལུགས་སྲོལ་གྱི་ཐོག་ནས་བཤད་ན་གོང་དུ་བརྗོད་པ་ལྟ་བུ་ཡིན། འོན་ཀྱང་ཨ་ཚོགས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་དག་གིས་ཞུ་ཡིག་རེ་ཟུང་ཕུལ་བ་ལས། འོས་བསྡུའི་འགན་འཛིན་རྣམ་པའི་ཐག་གཅོད་ལ་ངོ་རྒོལ་གྱི་ལས་འགུལ་གང་ཡང་སྤེལ་མེད། དེ་ནི་བོད་མིའི་སྒྲིག་འཛུགས་སྤྱི་དང་། འོས་བསྡུའི་འགན་འཛིན་རྣམ་པའི་ཐག་གཅོད་ལ་གུས་བཀུར་ཞུས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། གནད་དོན་འདི་དང་འདི་ལྟ་བུའི་ཐོག་ནས་བལྟས་ན་དོན་དངོས་སུ་རྒྱ་དམར་གཞུང་ལ་གུ་ཡངས་དང་བཟོད་བསྲན་བྱེད་དགོས་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཤར་བསྐྱོད་བྱེད་དགོས་པ་མ་ཟད། རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་དག་གུ་དོག་རིང་ལུགས་ཡིན་པའི་འགྲེལ་བཤད་དང་། ཐ་ན་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་ཞྭ་མོ་ཡང་གཡོགས་ཀྱི་ཡོད་མོད། ད་ལན་གྱི་གནས་སྟངས་འདིའི་ཐོག་ནས་གུ་དོག་དང་གུ་ཡངས་ཀྱི་དབྱེ་མཚམས་གསལ་པོ་ཕྱེས་སོང་སྙམ།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 370

Leave a Reply